མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཐུན་ཏེ་རྫོང་གི་སྡེ་བ73ཚང་མར་འཕྲོད་བསྟེན་ཁང་ཡོད་པར་གྱུར་པ།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-11-24 10:24

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་ཉེ་སྔོན་ཤང་གྲོང་འཕྲོད་བསྟེན་ཁང5དང་སྡེ་བ་རིམ་པའི་འཕྲོད་བསྟེན་ཁང73འཛུགས་སྐྲུན་ལེགས་འགྲུབ་བྱས་ཤིང་། དེ་རྫོང་ཡོངས་ཀྱི་ཤང་གྲོང་དང་སྲིད་འཛིན་སྡེ་བ73ཚང་མར་ཁྱབ་ཡོད་ལ། རོང་འབྲོག་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་གཅིག་གྱུར་ཅན་གྱི་དོ་དམ་ཁྱབ་ཚད100%ལ་སླེབས་ཡོད།

ཉེ་བའི་ལོ་འགའི་རིང་། ཐུན་ཏེ་རྫོང་གིས་ཕྱོགས་ཡོངས་ནས་རོང་འབྲོག་པ་མང་ཚོགས་ཀྱི་བདེ་ཐང་ཆུ་ཚད་དེ་ཤང་སྡེའི་འཕྲོད་བསྟེན་ཁང་བྱ་བའི་གཙོ་གནད་དུ་བཟུང་སྟེ་གཙིགས་སུ་བཟུང་ནས། ཤུགས་ཆེན་པོས་ཤང་སྡེའི་སྨན་བཅོས་དྲ་བ་འཛུགས་སྐྲུན་བྱས། ད་ལོར་རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཤང་སྡེའི་སྨན་བཅོས་དྲ་བར་མུ་མཐུད་དུ་གཞི་རྩའི་སྨན་རྫས་དང་བགྲེས་སོང་བདེ་ཐང་བརྟག་བཤེར་ལམ་ལུགས་ལག་བསྟར་བྱེད་པར་ཤུགས་བསྣན་པ་དང་། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་སྒོར་ཁྲི1150ཡི་སྨན་རྫས་ཉོས་ཏེ། གཞི་རྩའི་སྨན་རྫས་གཅིག་བསྡུའི་ཉོ་སྡུད་དང་ཧེ་བག་མེད་པའི་ཕྱིར་འཚོང་ལག་བསྟར་བྱས་ཤིང་། སྨན་བཅོས་ལས་ཁུངས་ཀྱི་སྨན་རྫས་རིན་གོང་ཆ་སྙོམས་ཀྱིས15%འཕར་ལ། བསྡོམས་པས་མང་ཚོགས་ཀྱིས་སྨན་བཀོལ་བའི་ཁུར་བོ་སྒོར་ཁྲི170ལྷག་ཇེ་ཡང་དུ་བཏང་། རྫོང་ཡོངས་ཀྱི་ལོ65ཡན་གྱི་བགྲེས་སོང3000ལ་མི་རེར་སྒོར80ཡི་ཚད་གཞི་ལྟར་ལུས་ཕུང་བརྟག་བཤེར་བྱ་བ་བཟོས་པ་དང་། ལོ60ཡན་ཡན་གྱི་བགྲེས་སོང་ལ་གཞི་རྩའི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་བླང་བྱ་ལྟར་བདེ་ཐང་ཡིག་ཚགས་བཟོ་བ་དང་ལུས་ཕུང་བརྟག་བཤེར། འདྲི་རྟོག་སོགས་ཀྱི་བྱ་བ་སྤེལ།

དུས་མཚུངས་སུ། ཤུགས་ཆེན་པོས་རིན་མེད་ཀྱི་བརྟག་བཤེར་ལས་གཞི་སྤེལ་ཏེ། རྫོང་མི་དམངས་སྨན་ཁང་གིས་རིན་མེད་ཀྱིས་བུད་མེད870ལ“འབྲས་སྐྲན་གཉིས”ཀྱི་བརྟག་བཤེར་བྱས་ཤིང་། ལིང་ཏོག་ནད་པ68ཀྱི་ནང་ནད་པ31ལ་ནད་བཅོས་བྱས་པ་དང་། རྫོང་དང་ཤང་གྲོང་སྨན་བཅོས་ལས་ཁུངས་ཀྱིས“སྔོན་ལ་ཞག་སྡོད་ནད་བཅོས་དང་རྗེས་སུ་རྩིས་ཞུ་བྱེད་པའི”ནད་པ་མི་ཐེངས3555བསྡུ་ལེན་བྱས་ཏེ། ནད་པའི་ཞག་སྡོད་སྨན་བཅོས་ཀྱི་ཁུར་བོ་ཤུགས་ཆེན་པོས་ཇེ་ཆུང་དུ་བཏང་ཡོད།

མིག་སྔར། ཞིང་སྡེའི་མཉམ་ལས་སྨན་བཅོས་སུ་ཞུགས་པའི་རོང་འབྲོག་པ་མང་ཚོགས་ཁྲི4.24ཡོད་པ་དང་། མཉམ་ལས་སྨན་བཅོས་སུ་ཞུགས་ཚད97%ལ་སླེབས་ཡོད།  ། 

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག