མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་མཐར་ཕྱིན་སློབ་མ་ཁྲི་གཅིག་སྟོང་བརྒྱད་ལས་གནས་སུ་ཞུགས་པ་དང་ལས་ཞུགས་ཀྱི་ཚད་བརྒྱ་ཆའི་གྱ་དགུ་དང་གྲངས་ཆུང་གཉིས་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-02 10:51

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་ཤེས་གསལ་ལྟར་ན། ཉིས་སྟོང་བཅུ་བཞི་ལོར་ཞིང་ཆེན་ཡོངས་སུ་མཐར་ཕྱིན་སློབ་མ་ཁྲི་གཉིས་དང་སྟོང་གཉིས་ཉིས་བརྒྱ་ཡོད་ལ། སློབ་མ་ཁྲི་གཅིག་དང་སྟོང་དགུ་བརྒྱད་བརྒྱ་ལས་ཞུགས་བྱས་ཟིན་པ་དང་། སྤྱིའི་ལས་ཞུགས་ཀྱི་ཚད་བརྒྱ་ཆའི་གྱ་དགུ་དང་གྲངས་ཆུང་གཉིས་ཡིན་ལ། སྔོན་ལོ་ལས་བརྒྱ་ཆའི་གཅིག་དང་གྲངས་ཆུང་གཅིག་འཕར་སྣོན་བྱུང་ཡོད།

ད་ལོར། མཚོ་སྔོན་གྱིས་ཁེ་ལས་ཀྱིས་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་རྒྱུ་དང་། སྣ་མང་རང་བཞིན་གྱི་ལས་ཞུགས་ལ་ཡར་སྐུལ་བྱེད་པ། ལས་ཞུགས་གཞི་རིམ་ལ་ཁ་ཕྱོགས་པ། དབུལ་སྐྱོར་རང་བདག་གི་ལས་ལམ་གསར་འབྱེད་བྱེད་པ། སྤྱི་པའི་ཞབས་ཞུའི་ལས་ཞུགས་དང་རོགས་སྐྱོར་སོགས་ཕྱོགས་ནས་ལས་ལམ་གསར་འབྱེད་ཀྱི་སྲིད་ཇུས་བཅུ་དྲུག་དང་བྱེད་ཐབས་སུམ་ཅུ་བཏོན་ནས་ཤུགས་སྣོན་བྱེད་རྒྱུ་དང་། མཐོ་རིམ་མཐར་ཕྱིན་སློབ་མ་ལས་ཞུགས་བྱེད་པ་དང་རང་ཉིད་ཀྱིས་ཁེ་ལས་གཉེར་རྒྱུར་རོགས་སྐྱོར་བྱེད་རྒྱུ་རེད། ས་གནས་སོ་སོས་ངེས་པ་དོན་གྱིས་སྲིད་ཇུས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་ལས་ཞུགས་ལ་ཡར་སྐུལ་བྱས་ཏེ་ནུས་ལྡན་དུ་འགྱུར་བར་རོགས་སྐྱོར་བྱེད་དགོས་པ་དང་། ལོ་ཧྲིལ་བོའི་མཐར་ཕྱིན་སློབ་མ་བཞི་བརྒྱ་གོ་གཅིག་ལ་ལས་ལམ་གསར་འབྱེད་ཀྱི་དངུལ་བུན་སྒོར་བྱེ་བ་ལྔ་དང་ས་ཡ་ལྔ་འབུམ་བདུན་ཁྲི་གསུམ་སྟོང་ལྔ་དོན་འཁྱོལ་བྱེད་དགོས། ལས་ཞུགས་གནད་དོན་ཐག་གཅོད་བྱས་ཟིན་པའི་ཁེ་ལས་ལ་སྤྱི་ཚོགས་འགན་སྲུང་ཁ་གསབ་དང་སྟེར་ཐེངས་གཅིག་གི་བྱ་དགའི་དངུལ། ལས་ཞུགས་ལྟ་སྦྱོང་ཁ་གསབ་སོགས་སྒོར་ས་ཡ་གཅིག་དང་ཁྲི་བརྒྱད་སྟོང་དགུ་དོན་འཁྱོལ་བྱེད་རྒྱུ་ཡིན་པ་དང་། ཞང་དང་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་སྲུང་དང་དབང་བོ་སྐྱོན་ཅན་གྱི་མཐར་ཕྱིན་སློབ་མ་བདུན་བརྒྱ་དང་དོན་གཅིག་ལ་སྟེར་ཐེངས་གཅིག་གིས་རོགས་སྐྱོར་ཁ་གསབ་མ་དངུལ་སྒོར་འབུམ་དྲུག་ཁྲི་དགུ་སྟོང་གསུམ་དགུ་བརྒྱ་དངོས་འབེབས་བྱེད་རྒྱུ་རེད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག