མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་བཅུ་ཆའི་དགུ་ཡི་སྲིད་འཛིན་སྡེ་བའི་རོང་འབྲོག་ཁྱིམ་ཚང་ཁྲི་བཞི་དང་སྟོང་བདུན་ལྷག་དྲ་རྒྱའི་དུས་རབས་སུ་ཐོན་ཡོད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-12-11 11:47

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ལོ་ངོ་བཅུའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་ས་ཁུལ་གྱི་ཆ་འཕྲིན་བྱ་བར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་དེ། ད་ལོའི་ཟླ་བཅུ་གཅིག་པའི་བར་དུ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་ཞང་དང་གྲོང་རྡལ་སུམ་བརྒྱ་རེ་དྲུག་གི་ཆ་འཕྲིན་དྲ་རྒྱ་གེག་མེད་ཀྱི་ཚད་བརྒྱ་ཆའི་བརྒྱ་ལ་བསླེབས་པར་མ་ཟད། བཅུ་ཆའི་དགུའི་སྲིད་འཛིན་སྡེ་བའི་མངའ་ཁོངས་ཀྱི་རོང་འབྲོག་ཁྱིམ་ཚང་ཁྲི་བཞི་དང་སྟོང་བདུན་ལྷག་དྲ་རྒྱའི་དུས་རབས་སུ་ཐོན་ཡོད། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲོག་དམངས་རིག་གཞུང་ལྷན་ཚོགས་ཀྱིས་སྐད་འཕྲིན་གྱི་ལམ་ནས་ཁ་བརྡ་བྱེད་ཀྱིན་ཡོད་པ་དང་། མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གི་སྡེ་མིས་ཁ་པར་ནང་དུ་ཞིང་སྡེ་ཚོང་ལས་གཉེར་ཐབས་ཀྱི་མཉེན་ཆས་ཕབ་ལེན་བྱས་ཏེ། འབྱོར་ཕྱུག་གི་ལམ་བུ་འཚོལ་གྱིན་ཡོད་ལ། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་ཏུང་ཧི་སློབ་འབྲིང་གིས་ཆ་འཕྲིན་བྱང་བུ་བཟོས་ནས། སློབ་མ་དང་དགེ་རྒན། ཁྱིམ་བདག་བཅས་ཀྱི་བར་དྲ་ལམ་གྱི་འབྲེལ་ཟམ་ཡག་པོ་ཞིག་བཙུགས་ཡོད།

ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲིན་སྐྱེལ་དོ་དམ་ཅུའུ་ནས་ཤེས་གསལ་བྱུང་བ་ལྟར་ན། དུས་ཡུན་རིང་བོར་མཚོ་སྔོན་གྱི་རོང་འབྲོག་ས་ཁུལ་མང་ཆེ་བར་མ་དངུལ་དང་ལག་རྩལ་ཕྱོགས་ནས་ཆ་རྐྱེན་མེད་པར་རྐྱེན་བྱས་ཏེ། མཚོ་སྔོན་གྱི་མཐའ་འཁོབ་རོང་འབྲོག་ས་ཁུལ་གྱི་འབྲེལ་འཕྲིན་དྲ་རྒྱས་ཁེབས་ཚད་ཧ་ཅང་དམའ་བས། ས་ཆ་གཞན་པར་འབྲེལ་གཏུག་བྱེད་པར་བཀག་རྒྱ་ཆེན་པོ་བཟོས་པར་བརྟེན། རོང་འབྲོག་པའི་ཐོན་སྐྱེད་དང་འཚོ་བར་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་གྱིན་ཡོད། ཉིས་སྟོང་བཞི་ལོར། མཚོ་སྔོན་གྱིས་སྡེ་བ་རེ་རེར་ཁ་པར་འཐེན་པའི་བཟོ་སྐྲུན་སྤེལ་བ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བཟོ་སྐྲུན་བྱ་བ་དེར་མཐོང་ཆེན་བླ་མེད་གནང་ནས། སྡེ་བར་ཁ་པར་འཐེན་པའི་བཟོ་སྐྲུན་དེ་རོང་འབྲོག་མི་དམངས་ལ་དོན་དངོས་སྒྲུབ་པའི་བཟོ་སྐྲུན་གལ་ཆེན་ཞིག་ལ་བསྒྱུར། ལོ་འདི་ཚོར། མཚོ་སྔོན་གྱིས་རྨང་གཞིའི་འཕྲིན་སྐྱེལ་དྲ་རྒྱ་ཟམ་མ་ཆད་པའི་སྒོ་ནས་རོང་འབྲོག་མཐའ་འཁོབ་ས་ཁུལ་ལ་འཐེན་གྱིན་ཡོད་ལ། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་སྡེ་བར་ཁ་པར་འཐེན་པའི་བཟོ་སྐྲུན་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་བླངས་ཡོད།

ད་ལོའི་ཟླ་བཅུ་གཅིག་པའི་བར་དུ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞང་དང་གྲོང་རྡལ་སུམ་བརྒྱ་རེ་དྲུག་གི་ཆ་འཕྲིན་དྲ་རྒྱ་གེག་མེད་ཀྱི་ཚད་བརྒྱ་ཆའི་བརྒྱ་ལ་བསླེབས་པར་མ་ཟད། སྲིད་འཛིན་སྡེ་བ་སྟོང་བཞི་དང་བརྒྱ་དང་ང་བརྒྱད་ཀྱི་དྲ་རྒྱ་གེག་མེད་ཀྱི་ཚད་བརྒྱ་ཆའི་དགུ་བཅུར་བསླེབས། རང་བྱུང་སྡེ་བ་སྟོང་དགུ་དང་བརྒྱད་བརྒྱ་བཞི་བཅུར་ཁ་པར་འཐེན་ཚད་བརྒྱ་ཆའི་གོ་ལྔ་ཡན་ལ་བསླེབས། དགོན་སྡེ་སྟོང་གཉིས་ལྷག་ལ་ཁ་པར་འཐེན་ཚད་བརྒྱ་ཆའི་གོ་བདུན་ཡན་ལ་བསླེབས། ཉིས་སྟོང་བཅུ་གསུམ་ལོའི་ལོ་མཇུག་ཏུ། དྲ་རྒྱའི་མཚོ་སྔོན་འཛུགས་སྐྲུན་དང་ཆ་འཕྲིན་འཛད་སྤྱོད་བྱ་བར་སྐུལ་འདེད་གཏོང་བ་ཞེས་པའི་ཐབས་ཇུས་དངོས་འབེབས་ལག་བསྟར་བྱས་རྗེས། མཚོ་སྔོན་གྱིས་ཆ་འཕྲིན་དྲ་རྒྱའི་ཐད་མ་དངུལ་སྒོར་དུང་ཕྱུར་དགུ་བཅུ་བཏང་ནས་དྲ་རྒྱའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱས། རོང་འབྲོག་ས་ཁུལ་གྱི་ཁྱིམ་ཚང་ཁྲི་ལྔ་ཙམ་ལ་དྲ་རྒྱ་གེག་མེད་དུ་འབྱོར་གྱིན་ཡོད་པ་དང་། དེའི་ཁྲོད་སྤོ་སྒུལ་དྲ་རྒྱ་བཀོལ་མཁན་གྱིས་བརྒྱ་ཆའི་ཞེ་གཉིས་ཡན་ཟིན། ཞང་དང་གྲོང་རྡལ། སྡེ་བ་བཅས་ཀྱི་བར་ཆ་འཕྲིན་གེག་མེད་དུ་འབྱོར་བར་བརྟེན། དེས་མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་དང་རོང་འབྲོག་ས་ཁུལ་གྱི་ཆ་འཕྲིན་ཅན་འཛུགས་སྐྲུན་ཐད་བྱེད་ནུས་མི་དམན་པ་བཏོན་དང་འདོན་བཞིན་ཡོད།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག