མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་ཨ་ཆེན་གངས་རྒྱབ་གཙོད་འཚོ་སྡོད་བྱེད་སའི་རེ་ཞུ་བྱ་བ་བདེ་བླག་ངང་སྤེལ་བཞིན་པ།

ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-12-12 10:23

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གིས་ཨ་ཆེན་གངས་རྒྱབ་གཙོད་འཚོ་སྡོད་བྱེད་ས་དེ་འཛམ་གླིང་རང་བྱུང་ཤུལ་བཞག་ཁྲོད་བདམ་པར་ཡིག་ཐོག་སྙན་ཞུ་ཕུལ་བའི་བྱ་བ་མགོ་བརྩམས་པའི་ཚུན་ནས། ཡིག་ཐོག་སྙན་ཞུའི་ཚད་གཞི་དང་ས་ཆའི་མིང་། ཡིག་ཐོག་སྙན་ཞུ་ཕུལ་སའི་ས་ཁུལ་གྱི་ཁྱབ་ཁོངས་བཅས་གཏན་ཁེལ་བྱས་ཟིན་པ་དང་། བྱ་བ་སྣ་ཚོགས་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད་ཟེར།

«འཛམ་གླིང་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོབ་སྤྱི་ཆིངས་ལག་བསྟར་མཛུབ་སྟོན»ལས་བསྟན་པ་ནང་བཞིན། ཨ་ཆེན་གངས་རྒྱབ་ཀྱི་ཐོན་ཁུངས་ཁྱད་ཆོས་དེ་“ཆེས་གལ་ཆེ་བ་དང་དོན་སྙིང་ལྡན་པའི་རྒྱུད་ཆད་ལ་ཉེ་བའི་སྲོག་ཆགས་དང་སྐྱེ་དངོས་རྩ་ཆེན་དང་དཀོན་པོའི་རིགས་ཀྱི་རང་བྱུང་འཚོ་སྡོད་བྱེད་ས་དང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་གྱི་མཚོན་རྟགས་དངོས་དང་ཁྱད་དུ་འཕགས་ཤིང་དཀོན་པ། ངོ་མཚར་རྨད་དུ་བྱུང་བའི་རང་བྱུང་སྣང་ཚུལ”སོགས་ཀྱི་ཚད་གཞི་དང་མཐུན་ལ། འཛམ་གླིང་རང་བྱུང་ཤུལ་བཞག་ཁྲོད་བདམ་པའི་ཆ་རྐྱེན་ལྡན་པ་དང་། ཨ་ཆེན་གངས་རྒྱབ་འཛམ་གླིང་རང་བྱུང་ཤུལ་བཞག་ཏུ་ཡིག་ཐོག་རེ་ཞུ་བྱེད་པའི་ཚད་གཞི་ལྟར་དུ། མཚོ་སྔོན་ཞིང་ཆེན་གྱིས་ཡིག་ཐོག་རེ་ཞུའི་མིང་མཚོ་སྔོན་ཨ་ཆེན་གངས་རྒྱབ་དེ་མཚོ་སྔོན་ཨ་ཆེན་གངས་རྒྱབ་གཙོད་འཚོ་སྡོད་བྱེད་ས་རུ་བསྒྱུར། ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མངའ་ཁོངས་ཧྲིལ་བོ་དང་གཙང་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་ནང་གི་སྐུ་ལྷ་མདའ་མདུང་། ཆུ་དམར་རང་བྱུང་སྲུང་སྐྱོབ་ཁུལ། ན་གོར་མོ་གྲོང་ཁྱེར་གྱི་མངའ་འོག་ས་ཁོངས་ནང་གི་གཙོད་ཀྱི་འཚོ་སྡོད་བྱེད་ས་གཙོ་བོ་བཅས་རང་བྱུང་ཤུལ་བཞག་གི་ཁྱབ་ཁོངས་སུ་འཇོག་རྒྱུ་གཏན་ཁེལ་བྱས།

མིག་སྔར། རང་ཞིང་གིས་ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་གིས་མགོ་ཁྲིད་ནས་རྩོམ་འབྲི་བྱས་པའི་ཨ་ཆེན་གངས་རྒྱབ་གཙོད་འཚོ་སྡོད་བྱེད་སའི་ཡིག་ཐོག་རེ་ཞུའི་གྲ་སྒྲིག་མ་ཕྱི་ཐོག་མ་བྲིས་ཚར་བར་མ་ཟད། ཆེད་མཁས་པས་ཞིབ་བཤེར་བྱས་པ་བརྒྱུད་དེ་གྲོས་མཐུན་བྱུང་བ་དང་། ད་ལྟ་དངོས་སུ་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་རུ་ཞིབ་བཤེར་བྱེད་པར་འབུལ་སྤྲོད་བྱས།  ། 

རྩོམ་སྒྲིག་པ། ཚེ་རྒྱ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག