ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བརྒྱད་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གནས་སྐོར་འཕེལ་རྒྱས་ཚོགས་ཆེན་ཐེངས་དྲུག་པ་ཧུའུ་ཀྲུའུ་ནས་བསྡུས་ཤིང་། གྲོས་ཚོགས་སྟེང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་གནས་སྐོར་ལས་རིགས་བཅོས་སྒྱུར་འཕེལ་རྒྱས་བྱ་བ་དང་གནས་སྐོར་དངུལ་གཏོང་བྱ་བ། གནས་སྐོར་འཛད་སྤྱོད་བྱ་བ་བཅས་ལ་ཡར་སྐུལ་གཏོང་བའི་སྐོར་གྱི་དགོངས་འཆར་ལག་བསྟར་དངོས་འབེབས་བཟང་བོ་བྱས་པ་དང་། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་གནས་སྐོར་ལས་རིགས་འཕེལ་རྒྱས་གྲུབ་འབྲས་ལ་སྤྱི་སྡོམ་བྱས་པ་མ་ཟད། ད་དུང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཞིང་ཆེན་ཡོངས་ཀྱི་གནས་སྐོར་བཅོས་སྒྱུར་འཕེལ་རྒྱས་བྱ་བར་འཆར་འགོད་བཟང་བོ་བྱས་ལ། རབ་མཛེས་མཚོ་སྔོན་འཛུགས་སྐྲུན་དང་ཡུལ་སྐོར་ཞིང་ཆེན་གྲགས་ཅན་བསྐྲུན་པའི་དམིགས་འབེན་གསལ་འདོན་བྱས།

མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་དང་། རྒྱལ་ཁབ་གནས་སྐོར་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལིས་ཧྲི་ཧུང་གཉིས་ཚོགས་འདུར་ཞུགས་ནས་གཏམ་བཤད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཀྲང་ཅན་མེན་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཚའོ་ཧུང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧྲིག་ཁྲིན་བཅས་ཐེངས་འདིའི་ཚོགས་འདུར་ཞུགས་ལ། ཧྲིན་ཀྲང་གཞོན་པ་ཧན་ཅན་ཧྭ་ཡིས་ཐེངས་འདིའི་གྲོས་ཚོགས་ལ་མགོ་འཛིན་བྱས།

ཧའོ་ཕིན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གནས་སྐོར་ལས་དོན་འཕེལ་རྒྱས་ཐད་མཐའ་གཅིག་ཏུ་མཐོང་ཆེན་བྱེད་བཞིན་པ་དང་། ཁྱད་པར་དུ་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་མཐོ་སྒང་གི་གནས་སྐོར་ཞིང་ཆེན་གྲགས་ཅན་འཛུགས་རྒྱུའི་དོན་དུ་འབད་འབུངས་ཧུར་བསྐྱེད་དང་། སྟོབས་ཤུགས་གཅིག་སྒྲིལ། རང་སྟོབས་རང་སྤེལ་བཅས་བྱས་ཏེ། གནས་སྐོར་བྱ་བའི་ཇུས་འགོད་དང་ལས་གཞིའི་འཛུགས་སྐྲུན། ཁོར་ཡུག་ལེགས་བཅོས། དྲིལ་སྒྲོག་འབྲེལ་མཐུད་བཅས་ཀྱི་ཐད་འབད་བརྩོན་ལྷོད་མེད་བྱས་པས། གནས་སྐོར་ལས་དོན་འཕེལ་རྒྱས་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད་པ་དང་། གནས་སྐོར་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་བ། རྨང་གཞིའི་ཆ་རྐྱེན་མངོན་གསལ་སྒོས་ལེགས་བཅོས་བྱུང་བ། ཐོན་ལས་སྤུས་ཚད་མངོན་གསལ་གྱིས་མཐོར་འདེགས་ཡོང་བ། གནས་སྐོར་ལས་དོན་གྱི་ཕན་འབྲས་མངོན་གསལ་དོད་པ། གནས་སྐོར་ཐོན་རྫས་གྲགས་ཅན་གྱི་སྣང་བརྙན་ཉིན་བཞིན་ཇེ་ཡག་ཏུ་སོང་བ་བཅས་བྱས་མཐར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་ཟེར།

 ཧའོ་ཕིན་གྱིས་ནན་གྱིས་བསྟན་དོན། མཚོ་སྔོན་ནི་གནས་སྐོར་ཐོན་ཁུངས་འཛོམས་པོ་ཡིན་པའི་ཞིང་ཆེན་ཞིག་ཡིན་ལ། གནས་སྐོར་ལས་དོན་འཕེལ་རྒྱས་སུ་གཏོང་བའི་ཆ་རྐྱེན་ལེགས་པོ་ཡོད་པ་དང་། གནས་སྐོར་ལས་དོན་གསར་སྤེལ་དང་སྔོག་འདོན་གྱི་མདུན་ལྗོངས་རྒྱ་ཆེན་པོ་ཡོད། གནས་བབ་གསར་བ་དང་དུས་བབ་གསར་བའི་འོག་ཏུ། གནས་སྐོར་ལས་དོན་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ཕྱི་རོལ་གྱི་བླང་བྱ་ཆེན་པོ་ཞིག་ཡིན་ལ། ཚུལ་བསྒྱུར་རིམ་སྤོར་གྱི་ཉེར་མཁོའི་གདམ་ཀ་ཡིན་ལ། དམངས་ཚིས་འབྱོར་ལྡན་དུ་གཏོང་བའི་བརྒྱུད་ལམ་གལ་ཆེན་ཞིག་ཀྱང་ཡིན། དེ་མིན་ད་དུང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བ་དོན་འཁྱོལ་ཡོང་མིན་དང་ཐད་ཀར་འབྲེལ་བའི་ལས་དོན་གལ་ཆེན་ཞིག་ཀྱང་ཡིན། གནས་སྐོར་ལས་དོན་གྱི་ཁྱབ་རྒྱ་ཆེ་ལ་ཡར་སྐུལ་གྱི་ནུས་པ་ཆེ་བ། ཕྱོགས་བསྡུས་ནུས་པ་དྲག་པ། སྒོ་འབྱེད་ཀྱི་ཚད་གཞི་མཐོ་བ་བཅས་ཡིན་པས། དེར་དམངས་ཕྱུག་ཞིང་སྟོབས་ཀྱི་ཐབས་ཇུས་དོན་སྙིང་གལ་ཆེན་ལྡན། ང་ཚོ་འཕེལ་རྒྱས་ཀྱི་གནས་བབ་གསར་བའི་འོག་ཏུ་འགྲེང་ནས། སྔར་ལས་ལྷག་པའི་སྒོ་ནས་གོ་སྐབས་བཟང་བོ་དམ་འཛིན་དང་ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་གང་ཡོད་གཅིག་བསྡུས་ངང་མཚོ་སྔོན་གྱི་གནས་སྐོར་འཕེལ་རྒྱས་ལས་དོན་ཕྱི་བཤོལ་མེད་པར་བསྒྲུབ་དགོས་ཟེར།

ཧའོ་ཕིན་གྱིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་ནི་མཚོ་སྔོན་ཞིང་ཆེན་གྱི་གནས་སྐོར་ཐོན་ལས་ཚུལ་བསྒྱུར་བྱེད་པའི་གནད་འགག་གི་དུས་སྐབས་ཡིན་པས། ཚང་མས་གནས་སྐོར་བྱ་བ་བཟང་བོར་བསྒྲུབ་དགོས་ན། ཅིས་ཀྱང་གཤམ་གྱི་བླང་བྱ་བརྒྱད་དམ་པོར་བཟུང་ནས་བསྒྲུབ་དགོས་ཏེ། གཅིག གནས་སྐོར་ཐོན་རྫས་སྟོབས་ཆེན་པོའི་ངང་གསར་སྤེལ་བྱས་ནས། ཧུར་བརྩོན་ཆེན་པོས་གནས་སྐོར་ལས་རིགས་ཀྱི་རྣམ་པ་གསར་རྐྱང་ཞིག་གྲུབ་པར་འབད་དགོས། གཉིས། ཐོན་ལས་ཚུལ་བསྒྱུར་རིམ་སྤོར་གྱི་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་དགོས། གསུམ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། བཞི། གནས་སྐོར་ལས་དོན་ལ་བདག་གཉེར་བྱེད་པའི་ནུས་པ་སྔར་ལས་ཇེ་དྲག་ཏུ་གཏོང་དགོས། ལྔ། ཁྱོན་ཡོངས་ནས་གནས་སྐོར་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། དྲུག། ཉོ་འཚོང་གི་རྒྱ་སྔར་ལས་ཆེར་བསྐྱེད་གནང་དགོས། བདུན། ཁྲོམ་རའི་རང་བདག་གི་ནུས་པ་གསོ་སྐྱོང་བྱེད་དགོས། བརྒྱད། གནས་སྐོར་བཅོས་སྒྱུར་བྱ་བ་དང་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ས་ཁོངས་མཉམ་ལས་ལ་སྐུལ་འདེད་བཏང་ནས། གནས་སྐོར་ལས་དོན་འཕེལ་རྒྱས་སུ་འགྲོ་བར་ཕན་པའི་ནང་གནས་ཀྱི་སྟོབས་ཤུགས་གསར་སྒྱུར་བྱེད་དགོས་ཟེར།  ། 

རྩོམ་སྒྲིག་པ། ཁྲི་ཚེ་རྒྱམ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།