ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་བཟོ་སྐྲུན་ཡུལ་དངོས་སུ་སོང་ནས་བཟོ་སྐྲུན་ལས་སྒོ་སྤེལ་བའི་གནས་ཚུལ་གསར་བར་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་བཟོ་སྐྲུན་བྱ་བ་ནི་མཚོ་སྔོན་མི་དམངས་ཀྱི་ཆུ་བེད་བཟོ་སྐྲུན་ལས་སྒོ་དང་པོ་ཡིན་པས། བློ་བརྟན་འགྱུར་མེད་དང་སྟོབས་ཤུགས་ཡོད་རྒུ་རྩལ་དུ་བཏོན་ནས་མཁྲེགས་གཏོར་བྱེད་པ་དང་། ཁྱོན་ཡོངས་ནས་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་འཛུགས་སྐྲུན་ལས་སྒོར་ཡར་སྐུལ་བྱས་ཏེ། བཟོ་སྐྲུན་གྱི་སྤྱི་ཁོག་ཕན་འབྲས་འཕྲལ་དུ་འདོན་ཐུབ་པར་འབད་དགོས་ཟེར།

འཇུ་ལག་ཆུ་བོ་དེ་ཏ་པན་རི་བོ་བརྒྱུད་དེ་ཙོང་ཆུར་འདྲེན་པའི་བཟོ་སྐྲུན་ལས་སྒོ་ཁྱོན་ཡོངས་ནས་ལག་བསྟར་བྱེད་རྒྱུ་ནི། མཚོ་སྔོན་ཤར་རྒྱུད་གྲོང་ཁྱེར་ཚོགས་ཀྱི་མི་གྲངས་ས་ཡ་གསུམ་ལྷག་གི་འཐུང་ཆུའི་བདེ་འཇགས་དང་གཙང་བོའི་བཞུར་རྒྱུད་ཀྱི་བཟོ་ལས་ཆུ་འདྲེན། ཞིང་ཕྱུགས་ལས་རིགས་ཀྱི་ཆུ་འདྲེན། སྐྱེ་ཁམས་ཆུ་འདྲེན་སོགས་ཀྱི་ཤི་གསོན་ལ་འབྲེལ་བའི་བཟོ་སྐྲུན་གལ་ཆེན་ཞིག་ཡིན། ཅི་ལྟར་བྱས་ཏེ་མགྱོགས་མྱུར་དང་ཕན་འབྲས་ཡོད་པའི་སྒོ་ནས་ཆུ་འདྲེན་བཟོ་སྐྲུན་འདིའི་བྱེད་ནུས་ཡོད་རྒུ་རྩལ་དུ་འདོན་པར་བྱེད་རྒྱུ་ནི། ཧའོ་ཕིན་གྱིས་ཉེ་བའི་ལོ་འདི་དག་གི་རིང་ལ་ཆེས་སེམས་ཁུལ་བྱེད་ཡུལ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཉིན་དེར་ཧའོ་ཕིན་ཏ་པན་རི་བོའི་འདབས་ལ་འབྱོར་ཏེ། ཡུལ་དངོས་ནས་ཆུ་འདྲེན་བཟོ་སྐྲུན་བྱ་བར་རྟོག་ཞིབ་བྱས།

 ཧའོ་ཕིན་གྱིས་བྱེ་འདམ་སབ་སོབ་ཀྱི་བགྲོད་ལམ་འཕྲེད་ཀྱིས་བཅད་དེ། ས་འོག་སྦུག་ལམ་མང་པོ་རིམ་པར་གཅོད་ཀྱིན་བཟོ་སྐྲུན་སྤེལ་བའི་རྣམ་པ་གསར་བར་རྒྱུས་ལོན་བྱས། ཧའོ་ཕིན་གྱིས་བཤད་རྒྱུར། ཆུ་འདྲེན་སྤྱིའི་སྦུག་ལམ་ཁག་གི་སྦྲེལ་མཐུད་དང་ཤར་གཏོང་བྱ་བ་ནི་ཆུ་འདྲེན་བཟོ་སྐྲུན་ཧྲིལ་བོ་གེགས་མེད་ཡོང་བའི་གནད་འགག་ཡིན་ཞིང་། ཉེ་བའི་ལོ་འདི་དག་གི་རིང་ལ། འབྲེལ་ཡོད་འཛུགས་སྒྲུབ་ལས་ཁུངས་ཁག་གིས་ཆུ་འདྲེན་བཟོ་སྐྲུན་གྱི་ཞིབ་ཕྲའི་ལས་རིམ་ཁག་ཞིབ་གཙང་ལྷག་མེད་ངང་སྤེལ་བ་བརྒྱུད། དེ་བསྟུན་གྱི་གྲུབ་འབྲས་འབུར་ཐོན་བླངས་ཡོད་ཟེར།

ཧའོ་ཕིན་གྱིས་ཆུ་ནག་ཆུ་མཛོད་ཀྱི་བཟོ་སྐྲུན་ལ་རྟོག་ཞིབ་བྱས་རྗེས་ནན་གྱིས་བསྟན་དོན། ཆུའི་ཐོན་ཁུངས་ཀྱི་འགན་སྲུང་ནུས་པ་ཇེ་དྲག་ཏུ་གཏོང་རྒྱུ་ནི། མཚོ་སྔོན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་འགན་ཁུར་གལ་ཆེན་ཞིག་ཡིན་པས། འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་ཁག་གིས་སྔར་ལས་ལ་ལྷག་པའི་སྒོ་ནས་ཆུ་འདྲེན་བཟོ་སྐྲུན་བྱ་བ་ཕན་འབྲས་ལྡན་ལ་ཞིབ་ཚགས་ངང་སྤེལ་བར་སྟོབས་ཤུགས་ཡོད་རྒུ་འདོན་དགོས་ཟེར། དེའི་རྗེས་ཧའོ་ཕིན་གྱིས་ཏ་ཐུང་པེ་གྲམ་ཆུའི་བཞུར་ལམ་ལེགས་བཅོས་བཟོ་སྐྲུན་ལ་རྟོག་ཞིབ་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

བོད་ཀྱི་གློག་བརྙན་སྒྲིག་བཟོ་ལྟེ་གནས་ཆེ་ཤོས་དེ་འཛུགས་སྐྲུན་བྱེད་མགོ་བརྩམས་པ།

2014ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱར་རྩྭ་དགུན་འབུ་དང་བོད་སྨན་འགྲེམ་འཚོང་ཚོགས་རའི་སྟེང་ཐེངས་དང་པོར་སྒོར་ཐེར་འབུམ4.5ཡི་ཉོ་ཚོང་གན་རྒྱ་བཞག

མཚོ་སྔོན་ཐེན་ཆེན་རྫོང་གིས་ལོ15ལ་རིན་མེད་སློབ་གསོ་ལག་བསྟར་བྱས་ཏེ་རིགས་སོ་སོའི་སློབ་མ5000ལྷག་ལ་ཕན་ཁེ་བསྐྲུན་པ།

སྐབས་གསུམ་པའི་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་ལས་བྱེད་པའི“སྤྱོད་ཡོན་གཉིས་འཕགས”ཀྱི་གཟེངས་བསྟོད་ཚོགས་འདུ་ཟི་ལིང་དུ་བསྡུས་པ།

པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གཡང་མདའ་ཞེས་པ་གཅན་ཚ་རྫོང་དུ་བརྙན་ཕབ་འགོ་བརྩམས་པ།

ཝུའུ་ལན་རྫོང་ལ་ཆུ་ལོག་བརྒྱུགས་ནས་མི་སྣར་ཤི་རྨས་བཟོས་པ།

མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས《གསེར་ཆེན་དཔང་བསྟོད་ཆེན་མོ》ཞེས་པ་གཟབ་རྒྱས་ངང་བསྡུས།

བརྙན་འཕྲིན་ཟློས་གར《མཐར་མཇུག་གི་སྦྲ་ནག》ཅེས་པར་རྒྱལ་སྤྱིའི་གློག་བརྙན་འདེམས་ཚོགས་སྟེང་མི་ཆོས་རིགས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།