མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བོད་ཀྱི་རྩོམ་པ་པོ་གྲགས་ཅན་དྲུག་གི་བརྩམས་ཆོས་ཕྱོགས་བསྒྲིགས《གཡུ་དྲུག་དཀར་དཔེ་ཚོགས》ཞེས་པ་པར་དུ་བསྐྲུན་པ།

197277421372707867.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལྟ་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་བྱ་གཞག་འཕེལ་རྒྱས་ལ་སྔ་ན་མེད་པའི་གསོན་ཤུགས་ཀྱིས་བརྟས་ཡོད་ནའང་། མི་རིགས་རྩོམ་རིག་འཕེལ་རྒྱས་ཀྱི་གོམ་སྟབས་དེ་ལྟོས་བཅས་ཀྱིས་ཅུང་དལ་ལ། ཚད་ངེས་ཅན་ཞིག་གི་ཐད་ནས་བོད་ཀྱི་དེང་རབས་རྩོམ་རིག་གི་འཕེལ་རྒྱས་ཀྱི་གོམ་ཁར་གེགས་རྐྱེན་བཟོ་བཞིན་ཡོད་པས། བོད་ཀྱི་རྩོམ་པ་པོའི་གསར་རྩོམ་གྱི་འདུན་པ་ཇེ་ཆེར་གཏོང་བ་དང་གོམ་གང་མདུན་སྤོས་སྒོས་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ཀྱི་གོམ་སྟབས་ལ་སྐུལ་འདེད་གཏོང་ཆེད། ཉེ་ལམ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བོད་ཀྱི་རྩོམ་པ་པོ་གྲགས་ཅན་དྲུག་གི་བརྩམས་ཆོས་ཕྱོགས་བསྒྲིགས《གཡུ་དྲུག་དཀར་དཔེ་ཚོགས》ཞེས་པ་པར་དུ་བསྐྲུན།

དཔེ་ཚོགས་འདིའི་ནང་དེང་རབས་བོད་ཀྱི་རྩོམ་པ་པོའི་དཔུང་སྡེའི་ཁྲོད་མིང་དུ་གྲགས་པའི་རྩོམ་པ་པོ་དྲུག་བདམས་ནས་དེ་དག་གི་སྒྲུང་འབྲིང་དང་སྒྲུང་ཐུང་། ལྷུག་རྩོམ་བཅས་ཕྱོགས་གཅིག་ཏུ་བདམས་ཡོད་པ་སྟེ། རྩོམ་པ་པོ་བཀྲ་བྷའི་སྒྲུང་ཐུང་ཕྱོགས་བསྒྲིགས་དང་སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི་སྒྲུང་ཐུང་ཕྱོགས་བསྒྲིགས། འཇུ་སྐལ་བཟང་གི་ལྷུག་རྩོམ་ཕྱོགས་བསྒྲིགས། སྟག་འབུམ་རྒྱལ་གྱི་སྒྲུང་འབྲིང་ཕྱོགས་བསྒྲིགས། ཚེ་རིང་དོན་གྲུབ་ཀྱི་སྒྲུང་འབྲིང་ཕྱོགས་བསྒྲིགས། ལྷ་བྱམས་རྒྱལ་གྱི་སྒྲུང་འབྲིང་ཕྱོགས་བསྒྲིགས་བཅས་ཡིན།  །

1111.jpg

བཀྲ་བྷ། འབུམ་རམས་པ། 1963ལོར་མཚོ་སྔོན་མཚོ་ལྷོ་རུ་སྐྱེས། ད་སྐབས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་གླིང་གཙོ་གཞོན་པ་དང་། དགེ་རྒན་ཆེན་མོ་གཞོན་པ། བོད་ཀྱི་དེང་རབས་རྩོམ་རིག་ཕྱོགས་ཀྱི་ཤེས་རམས་པའི་མཛུབ་སྟོན་དགེ་རྒན་བཅས་ཡིན། ཁོང་གིས་དུས་ཡུན་རིང་པོར་རྩོམ་རིག་གསར་རྩོམ་དང་རིག་གཞུང་ཞིབ་འཇུག་གི་ལས་ཀ་གཉེར་ཏེ། སྔ་ཕྱིར་སྒྲུང་གཏམ་དང་སྙན་ངག ལྷུག་རྩོམ། རིག་གཞུང་དཔྱད་རྩོམ་སོགས་བརྩམས་ཆོས་བརྒྱ་ལྷག་སྤེལ་བ་དང་། རྩོམ་རིག་བརྩམས་ཆོས《སྒྲོལ་མ་ཉེར་གཅིག》དང་། 《སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས།》《འཚུབ་མ་ཁེར་རྐྱང་།》བསླབ་དེབ་《རྩོམ་པ་ལ་འཇུག་པའི་སྒོ།》《གསར་འགྱུར་རྩོམ་པ་ལ་འཇུག་པའི་སྒོ།》རིག་གཞུང་ཞིབ་འཇུག་གི་འབྲས་རྟགས་《བོན་གྱི་ལྷ་རབས་ལ་དཔྱད་པ།》《ཁྲི་འདུས་སྲོང་གི་མགུར་གླུར་དཔྱད་པ།》རྣམས་པར་སྐྲུན་འགྲེམ་སྤེལ་བྱས་ཡོད་ཅིང་། ཁོང་གི་སྒྲུང་གཏམ《ར་བྷ་འདྲེ་མིག་དང་རིན་ཆེན་རྐྱལ་ཁ།》《སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས།》《ནས།》《འཚུབ་མ་ཁེར་རྐྱང་།》བཅས་ལ་སྔ་ཕྱིར་མཚོ་སྔོན་ཞིང་ཆེན་གྱི་སྐབས་དང་པོའི་ན་གཞོན་རྩོམ་རིག་བྱ་དགའ་དང་། སྐབས་གསུམ་པའི་སྦྲང་ཆར་རྩོམ་རིག་བྱ་དགའ། སྐབས་བདུན་པའི་སྦྲང་ཆར་རྩོམ་རིག་བྱ་དགའ་སྐབས་བཅུ་བའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་ཐད་ཀྱི་རྟ་མཆོག་བྱ་དགའ་བཅས་ཐོབ། གཞན་ཁོང་ལ་པེ་ཅིན་གྲོང་ཁྱེར་གྱི་ཕུལ་བྱུང་དགེ་རྒན་གྱི་མཚན་སྙན་དང་། པའོ་ཀང་ཕུལ་བྱུང་དགེ་རྒན་གྱི་ཁྱད་འཕགས་བྱ་དགའི་མིང་འདོན་བྱ་དགའ་སོགས་ཀྱང་ཐོབ་བོ། །

2222.jpg

སྒོ་མེ་ཚེ་རིང་བཀྲ་ཤིས། སྨྱུག་མིང་ལ་ཁྲི་སེམས་དཔའ་ཟེར། གསར་འགོད་པ།སྙན་ངག་པ། སྒྲུང་གཏམ་པ། ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཨུ་ཡོན། 《གངས་རྒྱན་མེ་ཏོག》གི་གདན་ཞུ་རྩོམ་སྒྲིག་པ་བཅས་ཡིན།1979ལོར་མདོ་སྨད་ཁྲི་ཀའི་གྲོ་ཞིང་ཁ་ཞེས་པའི་གྲོང་ཚོ་ཞིག་ཏུ་སྐྱེས། 2001ལོར་ལྷོ་ནུབ་མི་རིགས་སློབ་ཆེན་ནས་མཐར་ཕྱིན། འབོལ་རྩོམ་དེབ《བསམ་གཞིག་གི་ཁ་དོག》དང་སྙན་དེབ《དིང་གླིང་ཁེར་འབུད》《ཁྲི་སེམས་དཔའི་སྙན་ངག》(རྒྱ་ཡིག  འཕྲིན་ཁྱུང་གིས་བསྒྱུར)འགྱུར་དེབ《ཕ་རི་སིའི་འཕགས་མའི་ཆོས་གྲྭ》སྒྲུང་རིང་དེབ《མར་ངོའི་ཟླ་བ》སྒྲུང་ཐུང་དེབ《སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི་སྒྲུང་ཐུང་ཕྱོགས་བསྒྲིགས》དང《བྱ་ཞིག་ཡིན་ན་བསམས་བྱུང》སོགས་ཡོད། སྔ་གཞུག་ཏུ་སྦྲང་ཆར་རྩོམ་རིག་བྱ་དགའ་དང་།གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ།ཟླ་ཟེར་རྩོམ་རིག་བྱ་དགའ། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་བྱ་དགའ། གངས་རྒྱན་རྟགས་མའི་བྱ་དགའ། མཚོ་སྔོན་ན་གཞོན་རྩོམ་རིག་བྱ་དགའ་སོགས་ཐོབ་མྱོང་། ད་ལྟ་ཚགས་པར་ཁང་ག་གེ་མོར་གསར་འགྱུར་གྱི་ལས་ཀ་གཉེར་བཞིན་ཡོད།

3333.jpg

འཇུ་སྐལ་བཟང་ལགས་ནི། 1960ལོར་མགོ་ལོག་དར་ལག་དཔོན་སྐོར་དུ་སྐྱེས།  རང་ལོ་བདུན་པར་དཔོན་སྐོར་སློབ་ཆུང་དུ་ཞུགས།  སྔ་གཞུག་ཏུ་པེ་ཅིན་དང་ཟི་ལིང་སོགས་སུ་སློབ་གྲྭ་འགྲིམས།  རང་ལོ་ཉེར་བདུན་པར་བོད་ཀྱི་རྩོམ་རིག་རམ་འབྱམས་པའི་དམ་བཅའ་བཞག  ད་ལྟ་ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་རིག་མཐུན་ཚོགས་ཀྱི་ཚོགས་མི་དང་།  མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སོགས་ཀྱི་ཞོར་འགན་འཁུར་ཅིང་། བོད་རྒྱ་སྐད་ཡིག་ཞུས་ཆེན་གྱི་ལོ་ཙྰ་བའི་ཐོབ་མིང་འཛིན་ལ། བོད་ཀྱི་སྐད་ཡིག་དང་གནའ་རྩོམ་སྐོར་གྱི་ཕྱག་ལས་གནང་བཞིན་ཡོད། 1976ལོར་མཚོ་སྔོན་མི་རིགས་སློབ་གླིང་གི་རིག་གཞུང་དུས་དེབ་དུ་སྙན་ངག་དུས་ཀྱི་རྣམ་པ་གསར་བ་ཞེས་པ་བཀོད་པ་ནས་བཟུང་རིམ་གྱིས་རྩོམ་རིག་གསར་རྩོམ་གྱི་ལམ་ལ་ཞུགས་ནས་སྔ་གཞུག་ཏུ་བོད་ཀྱི་དུས་དེབ་མང་པོའི་སྟེང་སྙན་རྩོམ་དང་རྩོམ་རིག་དཔྱད་བརྗོད། རྩོམ་རིག་བསྒྱུར་རྩོམ་སོགས་མང་ཙམ་སྤེལ། དེ་ལས་སྐོར་ཞིག་བོད་ཀྱི་བཏུས་དེབ་མང་པོར་བསྡུས་ཤིང་།  འགའ་ཞིག་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བོད་ཡིག་བསླབ་གཞིར་བདམས།  གཞན་ཁོང་གི་སྙན་རྩོམ་ལ་བོད་དང་། ཨ་མ། མ་ཎི།  གྲུ་ག་གཞན་ཞིག་ནས་མཐོང་བའི་འཇིག་རྟེན་སོགས་དབྱིན་ཇི་དང་ཧྥ་རན་སི་སོགས་ཀྱི་ཡི་གེར་བསྒྱུར་ནས་རྒྱལ་ཁབ་དེ་དག་གི་རྩོམ་རིག་དུས་དེབ་ཏུ་འཁོད། ཁོང་ལ་སྔ་གཞུག་ཏུ་ཀྲུང་གོའི་ཀྲོང་ཀྲུང་ཝིན་རྩོམ་རིག་བྱ་དགའ་སོགས་སྙན་རྩོམ་དང་རྩོམ་རིག་གསར་རྩོམ་གྱི་བྱ་དགའ་མང་ཙམ་ཐོབ།  གངས་འདབས་ཀྱི་སེམས་པ་དང་། སྙན་ངག་གི་རྣམ་བཤད་།  གངས་གྲོང་གི་རླུང་སོགས་རྩོམ་རིག་གསར་རྩོམ་དང་ཞིབ་འཇུག་ཕྱོགས་ཀྱི་ཆེད་དེབ་པར་ཏུ་བསྐྲུན་ཡོད། 

4444.jpg

སྟག་འབུམ་རྒྱལ།1966ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་རྫོང་རྩྭ་ཐང་དུ་སྐྱེས་ཤིང་། 1986ལོར་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན།  1988ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་གྲངས་ཉུང་མི་རིགས་སྐད་ཡིག་ཚན་ཁག་ཏུ་ཟབ་སྦྱོང་བྱས།  དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བའི་མཇུག་ཏུ་གསར་རྩོམ་གྱི་ལས་ལ་ཞུགས་ཤིང་། སྔ་གཞུག་ཏུ《མཚོ་སྔོན་བོད་ཡིག་གསར་འགྱུར།》དང་   《སྦྲང་ཆར།》 《བོད་ཀྱི་རྩོམ་རིག་སྒྱུ་རྩལ།》།《གངས་རྒྱན་མེ་ཏོག》སོགས་ཞིང་ཆེན་ཕྱི་ནང་གི་དུས་དེབ་དང་ཚགས་པར་སྟེང་དུ་སྒྲུང་གཏམ་དྲུག་ཅུ་ལྷག་སྤེལ་ཞིང་།  དེའི་ཁྲོད་ཀྱི་《ཧཱ་པ་གསོས་པའི་ཟིན་བྲིས།》 《སྒོ་ཁྱི།》 《ཁྱི་རྒན།》 《མི་ཚེའི་གླུ་དབྱངས།》 《ཁྱི་དང་བདག་པོ།  ད་དུང་གཉེན་ཚན་དག》སོགས་སྒྲུང་གཏམ་སྐོར་ཞིག་རྒྱ་ཡིག་ཏུ་བསྒྱུར་ནས《མི་རིགས་རྩོམ་རིག》སོགས་ཀྱི་སྟེང་དུ་བཀོད་ཡོད་ལ།  འགའ་རེ་སློབ་གྲྭ་ཆེན་མོ་ཁག་གི་བསླབ་དེབ་ཏུ་བདམས་འདུག  སྔ་གཞུག་ཏུ་སྐབས་གཉིས་པ་དང་བཞི་བ་དང་ལྔ་བའི་སྦྲང་ཆར་བྱ་དགའ་དང་།  མཚོ་སྔོན་ཞིང་ཆེན་གྱི་སྐབས་བཞི་བ་དང་ལྔ་བའི་ཕུལ་བྱུང་རྩོམ་རིག་བྱ་དགའ།  རྒྱལ་ཡོངས་སྐབས་གཉིས་བའི་གངས་རྒྱན་བུམ་པའི་རྩོམ་རིག་བྱ་དགའ།  མཚོ་སྔོན་པོ་རྩོམ་རིག་བྱ་དགའ(རྒྱ་ཡིག)སོགས་ཐོབ་མྱོང་།  འཐུས་ཚབ་བརྩམས་ཆོས་ལ་སྒྲུབ་རིང《ལྷིང་འཇགས་ཀྱི་རྩྭ་ཐང་།》དང་《རྒུད།》  སྒྲུང་འབྲིང་《སྡེ་དཔོན།》དང་《མེས་པོ་དང་ཁོས་གསོས་པའི་ཁྱུ་གུ་དག》  《ནོར་རྫི་བྱིས་པ།》 སྒྲུང་ཐུང་ཧྲག་བསྡུས་  《མི་རབས་གསུམ་གྱི་རྨི་ལམ།》སོགས་ཡོད།   ད་ལྟ་མཚོ་སྔོན་ཞིང་ཆེན་མང་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་ཡིན་ལ།  ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་། མཚོ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པའི་འགན་ཁུར་ཡོད།།

5555.jpg

ཚེ་རིང་དོན་གྲུབ་ནི1961ལོའི་ཟླ་བཅུ་བར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་སོག་རྫོང་དུ་སྐྱེས། རང་ལོ་བདུན་བརྒྱད་ནས་བཅུ་གསུམ་བར་དུ་གནག་རྫི་བྱས། རང་ལོ་བཅུ་གསུམ་ནས་ཉེར་གཅིག་བར་སློབ་གྲྭ་འགྲིམ། བྱ་བར་ཞུགས་རྗེས་སློབ་འབྲིང་དགེ་རྒན་དང་ཁྲིམས་འཛིན་དྲུང་ཡིག དེབ་ཐེར་སྒྲིག་འབྲི་སོགས་ཀྱི་ལས་ཀ་གཉེར་ཞོར་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་སྒྲུང་གཏམ་སྤེལ། བརྩམས་ཆོས་གཙོ་བོ་སྒྲུང་ཐུང་པོད་གཉིས་དང་སྒྲུང་འབྲིང་པོད་གཅིག སྒྲུང་རིང་པོད་བཞི་ཡོད། བརྩམས་ཆོས་ཁག་ཅིག་དབྱིན་ཇི་དང་ཧྥ་རན་སི། འཇར་མན། འཇར་པན་སོགས་ཡིག་རིགས་དུ་མར་བསྒྱུར་ཡོད་པར་མ་ཟད་ནུབ་གླིང་གི་སློབ་ཆེན་ཁ་ཤས་དང་བོད་སོག་སློབ་གྲྭ་ཆེ་འབྲིང་གི་བསླབ་དེབ་ཏུ་བདམས་ཡོད། བརྩམས་ཆོས་སྐོར་ཞིག་ལ་ཞིང་ཆེན་ཕྱི་ནང་དང་རྒྱལ་ཡོངས་རང་བཞིན་གྱི་རྩོམ་རིག་བྱ་དགའ་ཐོབ་མྱོང་།

6666.jpg

ལྷ་བྱམས་རྒྱལ། མདོ་སྨད་ཁྲི་ཀ་ནས་དུས་རབས་ཉི་ཤུའི་ལོ་རབས་བདུན་ཅུའི་མཇུག་ཏུ་སྐྱེས། ཕྱིས་སུ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པ་ཞིབ་འཇུག་གླིང་ཏུ་ཤེས་རམས་པ་དང་རབ་འབྱམས་པའི་བསླབ་གནས་བླངས་ནས་སློབ་མཐར་ཕྱིན་ཅིང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་ལྷོ་ནུབ་མི་རིགས་ཞིབ་འཇུག་གླིང་ནས་འབུམ་རམས་པའི་བསླབ་གནས་བླངས། ཕྱག་ལས་གནང་ས་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཆོས་ལུགས་ཞིབ་འཇུག་ཁང་ཡིན། ཁོང་གིས་སློབ་ཆེན་ནས་བཟུང་རྩོམ་རིག་གསར་རྩོམ་གྱི་ལས་སུ་ཞུགས་ཤིང་། ད་ལྟའི་བར་དུ་བོད་ཁུལ་གྱི་དུས་དེབ་དང་ཚགས་པར་སྣ་མང་དུ་སྒྲུང་གཏམ་གཙོ་བྱས་པའི་བརྩམས་ཆོས་ལྔ་བཅུ་ལྷག་སྤེལ་མྱོང་། ཁོང་གི་བརྩམས་ཆོས་མི་ཉུང་བ་ཞིག་རྩོམ་རིག་བརྩམས་ཆོས་བསྡུས་དེབ་མང་པོར་བདམས་ནས་པར་སྐྲུན་གནང་ཡོད་པར་མ་ཟད། མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་སྐད་ཡིག་ཏུ་བསྒྱུར་ནས་པར་སྐྲུན་གནང་ཡོད་པ་རེད། དེ་ལས་ཁོང་གི་སྒྲུང་རིང་བོད་ཀྱི་གཅེས་ཕྲུག་ཅེས་པ་དེ་ཉི་ཧོང་གི་སྐད་དུ་བསྒྱུར་ནས་པར་སྐྲུན་གནང་བ་དེ་བོད་ཀྱི་རྩོམ་རིག་ལོ་རྒྱུས་སུ་ཉི་ཧོང་གི་སྐད་དུ་བསྒྱུར་བའི་བོད་ཡིག་གི་སྒྲུང་རིང་ཐོག་མར་གྱུར་ཡོད་པ་རེད།

བརྩམས་ཆོས་པར་སྐྲུན་གནང་ཚུལ།

《ལམ་གྱི་ཉི་འོད།》 སྒྲུང་ཐུང་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་སྐྲུན།

《ལྷ་བྱམས་རྒྱལ་གྱི་སྒྲུང་འབྲིང་ཕྱོགས་བསྒྲིགས།》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་སྐྲུན།

《བོད་ཀྱི་གཅེས་ཕྲུག》 སྒྲུང ་རིང་། མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་སྐྲུན། 

《ནག་མོ་ཁོལ་གྱི་སྙན་ངག་དུས་ཚིགས་ཀུན་བསྡུས་བོད་འགྱུར་མ།》 འགྱུར་དེབ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་སྐྲུན།

《རང་གི་འདོད་པ་ལྟར་གྱི་མི་ཞིག་བྱའོ།།》 འགྱུར་དེབ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་སྐྲུན།

《ཨ་མདོའི་ཁ་སྐད།》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་སྐྲུན།

ཁོང་གི་བརྩམས་ཆོས་མི་རིགས་གཞན་གྱི་སྐད་དུ་བསྒྱུར་ཚུལ།

《ལམ་གྱི་ཉི་འོད།》 རྒྱ་འགྱུར་མ། ཀྲུང་གོའི་རྩོམ་པ་པོའི་དཔེ་སྐྲུན་ཁང་གིས་པར་དུ་སྐྲུན།

《བོད་ཀྱི་གཅེས་ཕྲུག》 ཉི་འགྱུར་མ། ཉི་ཧོང་མན་ཁྲིན་དཔེ་སྐྲུན་ཁང་གིས་པར་དུ་སྐྲུན།

ཁོང་ལ་བྱ་དགའ་ཐོབ་ཚུལ།

སྔ་རྗེས་སུ་བོད་ཀྱི་ཕ་སྐད་རྩོམ་རིག་གི་ཆེས་མཐོའི་བྱ་དགར་བསྔགས་པའི་སྦྲང་ཆར་རྩོམ་རིག་བྱ་དགའ་ཐེངས་བཞི་ལ་ཐོབ་པ་དང་། འདི་ནི་ད་ལྟའི་བར་དུ་བྱ་དགའ་འདིའི་ལོ་རྒྱུས་སུ་བྱ་དགའ་ཐོབ་གྲངས་ཆེས་མང་ཤོས་དེ་ཡིན།

ཀྲུང་གོའི་མི་རིགས་རྩོམ་རིག་གི་ཕ་སྐད་རྩོམ་རིག་བྱ་དགའ་ཐོབ།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།