མཚོ་སྔོན་གྱིས་ཆེས་སྔོན་མ་བྱས་ནས་གེ་སར་རིག་གནས་རྒྱུན་འཛིན་པའི་གཞི་འཛིན་གྲངས་མཛོད་འཛུགས་སྐྲུན་ལས་གཞི་གཉེར་མགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གེ་སར་ལོ་རྒྱུས་སྙན་རྩོམ་རིང་མོའི་ཞིབ་འཇུག་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་མཚོ་སྔོན་གྱིས་གེ་སར་རིག་གནས་རྒྱུན་འཛིན་པའི་གཞི་འཛིན་གྲངས་མཛོད་འཛུགས་སྐྲུན་ལས་གཞི་དངོས་སུ་གཉེར་མགོ་བརྩམས་ཤིང་། ལས་གཞི་འདིས་ཡི་གེ་དང་འདྲ་པར། སྒྲ་བརྙན། བརྙན་གཟུགས་སོགས་དེང་རབས་ཅན་གྱི་བརྒྱུད་སྒྲོག་ཐབས་ལམ་སྤྱད་དེ། རིག་གནས་ཀྱི་གསོན་སྟོབས་ལ་སྲུང་སྐྱོབ་དང་གེ་སར་རིག་གནས་རྒྱུན་འཛིན་བྱེད་པ། གེ་སར་རིག་གནས་སྐོར་གྱི་འཇོན་ཐང་མི་སྣ་དང་གེ་སར་སྒྱུ་རྩལ་གྱི་རྒྱུན་སྲོལ་ཉམས་རྒུད་དུ་འགྲོ་བཞིན་པའི་རྣམ་པར་འགྱུར་བ་བཏང་ནས། ཆ་འཕྲིན་ལག་རྩལ་དུས་རབས་ཀྱི་ཚ་རླབས་ཁྲོད་ནས་གེ་སར་རིག་གནས་མྱུར་སྐྱོབ་དང་སྲུང་སྐྱོབ་བྱེད་པའི་ཐབས་ཤེས་ཡར་ལྡན་དུ་སྤེལ་ཏེ། ཀྲུང་གོའི་ཕུལ་བྱུང་མི་རིགས་སྲོལ་རྒྱུན་རིག་གནས་དར་སྤེལ་གང་ལེགས་བྱེད་རྒྱུ་རེད། ལས་གཞི་འདི་ནི་རྒྱལ་ཡོངས་ནས་ཐོག་དང་པོར་གཉེར་མགོ་ཚུགས་པ་དང་། ལས་གཞི་འདི་ཉིད་ཡོངས་འགྲུབ་བྱས་རྗེས་རྒྱལ་ནང་གི་ཆེས་ཐོག་མའི་གེ་སར་རིག་གནས་གཞི་འཛིན་གྲངས་མཛོད་དུ་གྱུར་བ་རེད།

དར་སྤེལ་གཏོང་མཁན་གྱི་མི་ནི་གེ་སར་རིག་གནས་ཀྱི་ཐད་ཀ་ཐད་སོའི་རྒྱུན་འཛིན་པ་དང་སྲུང་སྐྱོབ་པ་ཡིན། རིག་གནས་མྱུར་སྐྱོབ་ཀྱི་སྒོ་ནས་ཟིན་བྲིས་སྔོན་འདོན་དང་གྲངས་ཀ་ཅན་གྱི་ལེགས་སྒྲིག་སྲུང་སྐྱོབ་བྱེད་རྒྱུ་ནི། མིག་སྔའི་གེ་སར་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་ལ་མེད་དུ་མི་རུང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། ཁྱད་པར་དུ་རྒྱུན་འཛིན་པའི་མྱུར་སྐྱོབ་རང་བཞིན་གྱི་བྱ་བ་ནི་གལ་ཆེན་ནང་གི་འགངས་ཆེན་རེད། ལས་གཞིའི་འགན་འཛིན་པ་དབང་ཆེན་ཚེ་རིང་གིས་མཚམས་སྦྱོར་བྱས་པ་ལྟར་ན། ལས་གཞི་འདིས་བོད་ལྗོངས་དང་སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་སོགས་ས་ཁུལ་གྱི་གེ་སར་ལོ་རྒྱུས་སྙན་རྩོམ་རིང་མོའི་རྒྱུན་འཛིན་པ་རྣམས་ལ་ཡི་གེ་དང་འདྲ་པར། བརྩམས་ཆོས། སྒྲ་ལྡན། གཟུགས་ལྡན་སོགས་ཀྱི་ཡིག་ཚགས་བསྡུ་སྒྲིག་བྱེད་ཐབས་སྤྱད་དེ་ངོ་སྤྲོད་དང་རིགས་དབྱེ། ཉར་འཇོག་བཅས་ཀྱི་ལས་དོན་བསྒྲུབ་རྒྱུ་ཡིན་པ་དང་། གྲངས་ཀ་ཅན་གྱི་སྨྱན་སྦྱོར་ཐག་གཅོད་འབྲེལ་མཐུད་བྱེད་ཐབས་བརྒྱུད་རྗེས། འཐུས་སྒོ་ཚང་ཞིང་མ་ལག་དང་ལྡན་པ། ཆ་ཚང་བ། གཅིག་གྱུར། བརྗེ་སྤོར་བྱས་ཆོག་པ་བཅས་ཀྱི་ཁྱད་ཆོས་ཚང་བའི་གཞི་འཛིན་གྲངས་མཛོད་ཅིག་གྲུབ་པར་བྱས་ཏེ། དེར་འབྲེལ་ཡོད་ཡིག་ཚགས་བཟོས་ནས། ཡུན་རིང་ནུབ་ཐབས་བྲལ་བའི་ཉར་ཚགས་བྱེད་ཐབས་སྤྱོད་རྒྱུ་རེད། གཞི་འཛིན་གྲངས་མཛོད་འདིའི་ཁྲོད་དུ་གེ་སར་རིག་གནས་རྒྱུན་འཛིན་པ་དང་སྒྱུ་རྩལ་པའི་མཚམས་སྦྱོར་དང་དེ་འབྲེལ་གྱི་འདྲ་པར། གེ་སར་ལོ་རྒྱུས་སྙན་རྩོམ་རིང་མོའི་སྒྲུང་བ་གྲགས་ཅན་གྱིས་བཤད་པའི་སྒྲུང་གི་སྒྲ་ཕབ་དང་གཟུགས་ཕབ་ལས་གཞན། ད་དུང་གེ་སར་སྐོར་གྱི་ལོ་རྒྱུས་སྙན་རྩོམ་ཐང་ཀ་དང་བརྐོས་རིས། ཟློས་གར། ལྡེབས་རིས་སོགས་ཁྱབ་ཁོངས་ཀྱི་རྒྱུན་འཛིན་པ་རྣམས་ཀྱི་གནས་ཚུལ་ཡང་ཉར་འཇོག་བྱེད་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། གེ་སར་རིག་གནས་རྒྱུན་འཛིན་པའི་གཞི་འཛིན་གྲངས་མཛོད་ཆེན་མོའི་ལས་ཡུན་ནི་ལོ་གཉིས་ཡིན་ཞིང་། ཉིས་སྟོང་བཅོ་བརྒྱད་ལོར་ལས་གཞི་ཡོངས་འགྲུབ་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།