མཚོ་སྔོན་ཞིང་ཆེན་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་ན་གཞོན་ལོ་ཆུང་གིས་ཁྲིམས་འགལ་ནག་ཉེས་བཟོ་བར་སྔོན་འགོག་བྱེད་པའི་ཆེད་དོན་ཚན་ཆུང་གི་ཚང་འཛོམས་རྒྱ་སྐྱེད་གྲོས་ཚོགས་ཟི་ལིང་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་ན་གཞོན་ལོ་ཆུང་གིས་ཁྲིམས་འགལ་ནག་ཉེས་བཟོ་བར་སྔོན་འགོག་བྱེད་པའི་ཆེད་དོན་ཚན་ཆུང་གི་ཚང་འཛོམས་རྒྱ་བསྐྱེད་གྲོས་ཚོགས་ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་གྱི་ཕྱི་དྲོར ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མཱ་ཝེ་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།

མཱ་ཝེ་ཡིས་ནན་གྱིས་བསྟན་དོན། ན་གཞོན་ལོ་ཆུང་གིས་ཁྲིམས་འགལ་ནག་ཉེས་བཟོ་བར་སྔོན་འགོག་བྱེད་པའི་བྱ་བའི་ཕྱོགས་བསྡུས་བཅོས་སྐྱོང་བདེ་འཇགས་འཛུགས་སྐྲུན་ཁྲོད་ཀྱི་གལ་ཆེན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། བྱ་བའི་རྨང་གཞི་ཇེ་བརྟན་དུ་གཏོང་བ། ན་གཞོན་ལོ་ཆུང་གིས་ཁྲིམས་འགལ་ནག་ཉེས་བཟོ་བར་སྔོན་འགོག་བྱེད་པའི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། བསམ་བློའི་སྟེང་ནས་མཐོང་ཆེན་བྱེད་པ་དང་འགུལ་སྐྱོད་སྟེང་ནས་རྒྱབ་སྐྱོར་བྱེད་པ། བྱེད་ཐབས་སྟེང་ནས་ཇེ་ཞིབ་ཏུ་བཏང་སྟེ། བྱ་བའི་ཆ་རྐྱེན་རྒྱུན་མ་ཆད་པར་ཇེ་ལེགས་སུ་གཏོང་བའི་ཐད་འགན་སྲུང་འདོན་སྤྲོད་བྱེད་དགོས། ན་གཞོན་ལོ་ཆུང་གི་ཁེ་ཕན་མཐུན་སྦྱོར་དང་ཞུ་གཏུག འགལ་རྩོད་ཐག་གཅོད། ཁེ་དབང་འགན་སྲུང་། སློབ་གསོ་སྣེ་ཁྲིད། རོགས་སྐྱོར་དོ་དམ་སོགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་ལག་བསྟར་བྱེད་པ། ན་གཞོན་ལོ་ཆུང་གི་ཞབས་ཞུ་དོ་དམ་བྱ་བ་ཚད་ལྡན་ཅན་དང་རྒྱུན་ལྡན་ཅན། གོ་རིམ་ལྡན་པར་བསྒྱུར་བར་ཡར་སྐུལ་བྱས་ཏེ། དོ་དམ་ཞབས་ཞུ་དང་སྔོན་འགོག་དང་ཁེ་དབང་སྲུང་སྐྱོབ་བྱ་བ་དེ་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་ལས་སྤྱི་ཚོགས་ཡོངས་ཀྱིས་མཉམ་བཅོས་བྱེད་པར་བསྒྱུར་བར་སྐུལ་འདེད་གཏོང་དགོས། དམིགས་བསལ་མི་ཚོགས་ཀྱི་ཞབས་ཞུ་དོ་དམ་བྱ་བ་སྔར་ལས་བཟང་བོར་བསྒྲུབ་པ་དང་། ཞིང་སྡེའི་ཕ་མ་གམ་དུ་མེད་པའི་བྱིས་པ་དང་ཞིང་བ་ཞོར་ལས་པའི་བུ་ཕྲུག མཁར་གྲོང་གི་དབུལ་ཕོངས་ན་གཞོན་དང་ལོ་ཆུང་། དྭ་ཕྲུག་དང་དབང་བོ་སྐྱོན་ཅན་གྱི་བྱིས་པ་སོགས་ཉམས་ཆུང་མི་ཚོགས་ལ་དམིགས་པའི་སྤྱི་ཚོགས་རོགས་སྐྱོར་དང་སྤྱི་ཚོགས་འགན་སྲུང་བྱ་བ་སྤེལ་བའི་ཐད་ཤུགས་འདོན་པ། དམིགས་བསལ་མི་ཚོགས་གཟིགས་སྐྱོང་དང་རོགས་སྐྱོར་བྱེད་པའི་བྱ་བར་སྔར་ལས་ཤུགས་སྣོན་པ། ལྷག་པར་དུ་སློབ་གྲྭ་འགྲིམ་ཀྱིན་མེད་པ་དང་ལས་ཀ་མེད་པར་བསྡད་ཡོད་པ། སྤྱོད་ཚུལ་མི་ལེགས་པའི་ན་གཞོན་ལོ་ཆུང་ལ་སློབ་གསོ་གཏོང་བ་དང་། རོགས་སྐྱོར་དང་དོ་དམ་བྱེད་པ། སྐྱོན་ཆ་ཡོ་བསྲང་དང་དག་བཅོས་བྱེད་པའི་བྱ་བར་ཤུགས་བསྣན་ནས། སྔོན་འགོག་བཟང་བོ་བྱེད་དགོས། ན་གཞོན་ལོ་ཆུང་གི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། བདུན་ལྔ་ཁྲིམས་ལུགས་ཁྱབ་གདལ་རེ་བ་གཞིར་བཟུང་ནས། རྒྱ་ཆེའི་ན་གཞོན་ལོ་ཆུང་ལ་རོགས་བྱས་ཏེ་ཁྲིམས་སྐྱོང་འདུ་ཤེས་དང་ཁྲིམས་སྐྱོང་ཡིད་རྟོན། ཁྲིམས་སྐྱོང་བསམ་བློ་བརྟན་པོ་འཛུགས་པ་དང་། ན་གཞོན་ལོ་ཆུང་གི་ཁྲིམས་སྐྱོང་ཉེན་བརྡའི་སློབ་གསོ་བྱ་བར་ཤུགས་བསྣན་ནས། ན་གཞོན་ལོ་ཆུང་གིས་ཁྲིམས་འགལ་ནག་ཉེས་བཟོ་བར་སྔོན་འགོག་བྱེད་པའི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་ལག་བསྟར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།