ཡུལ་ཤུལ་རྫ་སྟོད་རྫོང་གིས་ཁྱད་ལྡན་ཐོན་ལས་དྲུག་ལ་བརྟེན་ནས་གནད་སྨིན་དབུལ་སྐྱོར་བྱེད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2016ལོའི་ཟླ་བརྒྱད་པར་རྫ་སྟོད་རྫོང་རྫ་ཆུའི་ངོགས་སུ་བསྐྲུན་པའི་བཟའ་བཏུང་དང་། སྤྲོ་གསེང་། མགྲོན་ཁང་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་སྣོད་བཅུད་གླིང་སྟེ། རྫ་ཆུའི་གདོད་མའི་གླིང་ལས་གཉེར་བྱེད་འགོ་ཚུགས། ལོ་ཕྱེད་ལྷག་ཙམ་རིང་ལས་མི་སྤྱོད་པ་དང་ཁེ་སྤོགས་བགོ་བའི་བྱེད་སྟངས་ཐོག་ནས་ཉེ་འཁོར་གྱི་གྲོང་ཚོ་དབུལ་པོ་7གྱི་དུད་ཚང1368ཀྱི་མི5805ལ་རོགས་སྐྱོར་བྱས་པས་དུད་ཚང་ཚང་མའི་ཡོང་འབབ་མང་དུ་ཕྱིན་ཡོད།

“དུས་མཚམས་ཤིག་རིང་གསོ་སྦྱོང་བྱས་པ་བརྒྱུད་ངར་ལས་ཀ་ཞིག་རག་བྱུང་། ད་ལྟ་ཟླ་རེར་གླ་ཆ་སྒོར1800འདུག ལས་ཀ་ཡག་པོ་བྱས་ཚེ་ད་དུང་ཐོབ་ཆ་རག་གི་འདུག དེས་མ་ཚད་བཟའ་སྡོད་གཉིས་ཀར་རིན་པ་སྤྲོད་མི་དགོས་པས་ལས་ཀ་དེར་སེམས་ཁྲལ་མི་འདུག”ཅེས་རྫ་ཆེན་ཤང་སྡེ་ཆེན་གྲོང་ཚོའི་ལོ20ལ་སླེབས་པའི་གྲགས་པ་རྒྱལ་མཚན་གྱིས་བཤད། ཁོ་པའི་ཁྱིམ་ཚང་དབུལ་པོ་ཡིན་པའི་དབང་གིས་མཐོ་རིམ་སློབ་འབྲིང་ཐོན་རྗེས་སློབ་མཚམས་ཆད་པ་རེད། ས་གནས་དེ་གའི་དབུལ་སྐྱོར་སྡེ་ཚན་གྱི་རོགས་རོམ་འོག་ཁོང་ཚོར་གསོལ་མགྲོན་ཁང་གི་ཞབས་ཞུའི་གསོ་སྦྱོང་བྱས་ཏེ་ད་ལྟ་སྣོད་བཅུད་གླིང་གི་སྣེ་ལེན་ལས་སྟེགས་སུ་ལས་ཀ་བྱེད་ཀྱི་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། རྫ་སྟོད་རྫོང་གིས་འབྲོག་ལས་དང་། བཟའ་བཏུང་དབུལ་སྐྱོར་ཐོན་ལས་གླིང་། དབྱར་རྩྭ་དགུན་འབུ། ཡུལ་དེ་གའི་ཁྱད་ལྡན་ལག་ཤེས་ཐོན་རྫས། ཚོང་ཟོག་ཉོ་ཚོང་ཕྱོགས་བསྡུས་ཁྲོམ་ར། ཟོག་འགྲེམས་ལྟེ་གནས་སོགས་ཐོན་ལས་དྲུག་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་རྫ་སྟོད་རྫོང་དབུལ་སྐྱོར་གསར་སྤེལ་མ་འཇོག་དོ་དམ་ཀུང་སི་བཙུགས་ནས་ཆེད་ལས་རང་བཞིན་གྱི་དབུལ་སྐྱོར་ཐོན་ལས་གླིང་འཛུགས་སྐྲུན་བྱས་པ་བརྒྱུད་གཅིག་གྱུར་འཆར་འགོད་དང་། གཅིག་གྱུར་གཉེར་སྐྱོང་། གཅིག་གྱུར་བགོ་འགྲེམ་བཅས་ཀྱི་དབུལ་སྐྱོར་མ་འཇོག་དང་ཡོང་འབབ་གཏོད་པའི་བྱེད་ཐབས་ལག་བསྟར་བྱས་ཡོད།

མིག་སྔར། མ་དངུལ་སྒོར་ཁྲི2271བཏང་བའི་ཟ་ཧོར་ཏིང་གྲོང་རྡལ་ཟོག་འགྲེམས་ལྟེ་གནས་ཀྱི་རྣམ་གྲངས་དང་མ་དངུལ་སྒོར་ཁྲི2298བཏང་བའི་དབྱར་རྩྭ་དགུན་འབུའི་དབུལ་སྐྱོར་ཐོན་ལས་ཚོང་ལས་ཕྱོགས་བསྡུས་ཁྲོམ་ར་སོགས་ཀྱི་རྣམ་གྲངས་ཚ་ཚ་འུར་འུར་ངང་འཛུགས་སྐྲུན་བྱེད་བཞིན་ཡོད། སྔོན་དཔག་བྱས་ན། ལོ་མཇུག་ཏུ་བསྐྲུན་ཟིན་ནས་བེད་སྤྱོད་གཏོང་རྒྱུ་རེད། སྣོད་བཅུད་འབྲོག་ལས་ཐོན་ལས་གླིང་གི་རྣམ་གྲངས་དང་པོའི་འཕེལ་རིམ་བདེ་བླག་ཡིན་པ་དང་དཀར་ཆུའི་ཐོན་རྫས་དང་། ཤའི་ཐོན་རྫས། ལས་ཤེས་ཐོན་རྫས་སོགས་ཁྱད་ལྡན་ལས་སྣོན་ལས་རིགས་ཚུད་པའི་ཡུལ་དེའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས6འདེམས་ནས་གླིང་དུ་བཅའ་སྡོད་བྱས་ཡོད། གླིང་གིས་ཁེ་ལས་སྣེ་ཁྲིད་བྱེད་པ་དང་། ཁེ་ལས་ཀྱིས་ཐོན་ལས་སྣེ་ཁྲིད་བྱེད་པ། ཐོན་ལས་ཀྱིས་འབྲོག་ལས་སྣེ་ཁྲིད་བྱེད་པ་བཅས་ཀྱི་འཕེལ་རྒྱས་གཏོང་སྟངས་སྤྱད་དེ་སྣོད་བཅུད་སྐྱེ་ལྡན་འབྲོག་ལས་འཕེལ་རྒྱས་བཏང་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།