མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གྱི《གླིང་སྒྲུང་》རིག་གནས་རྒྱུན་འཛིན་གསོ་སྦྱོང་འཛིན་གྲྭའི་སློབ་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིར་བཟུང་། ཉེ་དུས། 2017ལོའི་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་རྨ་ཆེན་རྫོང་གི་སྐབས་དང་པོའི་གླིང་སྒྲུང་རིག་གནས(མགོ་ལོག)སྣོད་བཅུད་སྲུང་སྐྱོང་ཚོད་ལྟའི་ཁུལ་《གླིང་སྒྲུང་》རིག་གནས་རྒྱུན་འཛིན་གསོ་སྦྱོང་འཛིན་གྲྭའི་སློབ་འགོ་ཚུགས་པ་རེད།

གླིང་སྒྲུང་རིག་གནས་ཀྱི་འབྱུང་གནས་གཙོ་བོ་ཡིན་པའི་མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ལ“ཀྲུང་གོའི་གླིང་སྒྲུང་རིག་གནས་ཀྱི་ཕ་ཡུལ”ཞེས་པའི་མཚན་སྙན་ཡོད་པ་དང་འདི་ནི་ཀྲུང་གོ་གླིང་སྒྲུང་རིག་གནས་ཀྱི་ཐོན་ཁུངས་འབེལ་ཤོས་དང་། མཚོན་སྟངས་ཁྱད་ཆོས་ལྡན་ཤོས། རིག་གནས་ཁྱད་ཆོས་རྒྱུན་འཁྱོངས་འཐུས་སྒོ་ཚང་ཤོས། རྒྱུན་འཛིན་གྱི་སྒྲུང་པ་མང་ཤོས། ཤུགས་རྐྱེན་ཐེབས་རྒྱ་ཆེ་ཤོས་བཅས་ཀྱི་ས་ཁུལ་གྲས་ཤིག་ཡིན། འོན་ཀྱང་རྨ་ཆེན་རྫོང་ནི་གླིང་སྒྲུང་རིག་གནས་ཀྱི་ཕ་ཡུལ་ཡིན་ལ་མགོ་ལོག་གླིང་སྒྲུང་རིག་གནས་ཀྱི་སྣོད་བཅུད་སྲུང་སྐྱོང་ཚོད་ལྟའི་ཁུལ་གྱི་ལྟེ་བའི་ས་ཁོངས་ཤིག་ཀྱང་ཡིན། མངའ་ཁོངས་སུ་གླིང་སྒྲུང་གི་བླ་རི་ཨ་མྱེས་རྨ་ཆེན་གངས་རི་ཡོད་པ་དང་། ངག་ཐོག་ཞིབ་འཇུག་གི་རྒྱུན་འཛིན་རྟེན་གཞི་གླིང་རི་པད་མ་འབུམ་རྫོང་ཡོད་པ། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གནས་ལྟེ་གནས་སོགས་ཕུན་སུམ་ཚོགས་པའི་ཐོན་ཁུངས་ཡོད།

མགོ་ལོག་ཁུལ་རྨ་ཆེན་རྫོང་རིག་གནས་དང་། ལུས་རྩལ། རླུང་འཕྲིན་བརྙན་འཕྲིན་གློག་བརྙན་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་མགོ་ལོག་ས་ཁུལ་གྱི་གླིང་སྒྲུང་རྒྱུན་འཛིན་དང་སྲུང་སྐྱོབ་བྱ་རྒྱུར་སྐུལ་འདེད་བཏང་ནས་གླིང་སྒྲུང་གི་སྒྲུང་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་ཆེད། རྨ་ཆེན་རྫོང་གི་གླིང་སྒྲུང་གི་སྒྲུང་པ90ལྷག་ཙམ་དང་སྒྲུང་པའི་རྨང་གཞི་ངེས་ཅན་ལྡན་པའི་འབྲོག་པ་མང་ཚོགས་ལ་གསོ་སྦྱོང་བྱས་པ་དང་གསོ་སྦྱོང་མི་སྣའི་ནང་ལོ་མཐོ་ཤོས65དང་ལོ་ཆུང་ཤོས6ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།