མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་བོད་རྒྱའི་བཅའ་ཁྲིམས་ཡིག་སྒྱུར་མཉེན་ཆས་གསར་སྤེལ་བྱེད་པའི་བྱ་བ་སྤེལ་མགོ་བརྩམས་པ།

2016ལོའི་ལོ་སྟོད་དུ། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་དུ་གྲངས་ཉུང་མི་རིགས་སྐད་ཡིག་གི་ཁྲིམས་གཅོད་ཡི་གེ་དྲ་ཐོག་ཏུ་འཇོག་པར་སྐུལ་འདེད་གཏོང་བའི་བྱ་བ་དེ་གོ་སྐབས་སུ་བཟུང་སྟེ། བྱེད་ཐབས་མང་པོས་སྐད་གཉིས་བྱ་བ་སྐས་རིམ་གསར་པར་འབུད་པར་སྐུལ་འདེད་བཏང་། ད་ལོའི་ལོ་སྟོད་དུ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས2016ལོའི་སྐད་གཉིས་བྱ་བའི་མ་ལག་ལ་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་སྟེང་། ཡང་བསྐྱར་བྱེད་ཐབས་འདོན་པ་དང་ཡང་བསྐྱར་བླང་བྱ་འདོན་པ། ཡང་བསྐྱར་བཀོད་སྒྲིག་བྱེད་པ་བཅས་བྱས། ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཁྲིམས་ཁང་སོ་སོས་ཧུར་བརྩོན་གྱིས་འབོད་སྐུལ་དང་ལེན་བྱས་ཏེ། ཧུར་བརྩོན་གྱིས་རང་ས་གནས་ཀྱི་སྐད་གཉིས་བྱ་བར་སྐུལ་འདེད་བཏང་། ཉེ་ཆར། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཚན་རིག་ལག་རྩལ་གྱིས་སྐད་གཉིས་བྱ་བར་སྐུལ་འདེད་གཏོང་བར་དམིགས་ཏེ། དུས་བབ་དང་བསྟུན་ནས་རྟོག་ཞིབ་དང་གྲ་སྒྲིག་གང་ལེགས་བྱས་པའི་རྨང་གཞིའི་སྟེང་། ཏང་ཙུའུ་ཧྲུའུ་ཅིའམ་ཡོན་ཀྲང་ཏུང་ཁེ་ཅུན་གྱིས་ཚན་གཙོའི་འགན་ཁུར་པའི་བོད་རྒྱ་བཅའ་ཁྲིམས་ཡིག་སྒྱུར་མཉེན་ཆས་གསར་སྤེལ་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་ཏེ། བོད་རྒྱའི་བཅའ་ཁྲིམས་ཡིག་སྒྱུར་བྱ་བ་སྤེལ་མགོ་བརྩམས།

2016ལོར། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་རང་ཞིང་གི་ཁྲིམས་ཁང་གིས་གྲངས་ཉུང་མི་རིགས་སྐད་ཡིག་གི་ཁྲིམས་གཅོད་ཡི་གེ་དྲ་ཐོག་ཏུ་འཇུག་པའི་བྱ་བར་བརྡ་ཁྱབ་སྤེལ་ཏེ་གཟེངས་བསྟོད་བྱས། ད་ལོའི་ཟླ་དང་པོར། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་གྲངས་ཉུང་མི་རིགས་སྐད་ཡིག་གི་ཁྲིམས་གཅོད་ཡི་གེ་སྦྲེལ་དྲ་སྟེང་ནས་གནས་ཚུལ་སྤེལ་བར་བརྡ་ཁྱབ་སྤེལ། ཟླ3པར། ཞིང་ཆེན་ཡོངས་ཀྱི་སྐད་གཉིས་འཇོན་མིའི་ཁྱབ་ཚུལ་དོ་མཉམ་མིན་པའི་གནས་ཚུལ་ལ་དམིགས་པ་དང་། མཚོ་སྔོན་ཁྲིམས་ཁང་གི་སྐད་གཉིས་འཇོན་མིའི་ཐོན་ཁུངས་མཉམ་སྤྱོད་བྱེད་པའི་སྟེགས་བུ་དང་ཧྲག་སྡེབ་བེད་སྤྱོད་ནང་རྐྱེན་འཛུགས་པར་དམིགས་ནས། 《མཚོ་སྔོན་ཁྲིམས་ཁང་གི་བོད་རྒྱ་སྐད་གཉིས་འཇོན་མིའི་མིང་ཐོ》རྩོམ་སྒྲིག་འགྲེམ་སྤེལ་བྱས་ཤིང་། གོང་ནས་འོག་བར་དང་ནང་ནས་ཕྱི་བར་སྐད་གཉིས་གཏུག་བཤེར་བྱ་བར་སྐུལ་འདེད་གཏོང་བའི་མཐུན་སྦྱོར་མཉམ་འགུལ་ནང་རྐྱེན་བཙུགས། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་སྐད་གཉིས་འཇོན་མིའི་བསམ་བློ་བརྗེ་རེས་དང་སློབ་སྦྱོང་མཉམ་སྤྱོད་བྱེད་པའི་སྐད་འཕྲིན་ཚོགས་པ་བཙུགས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས《གྲངས་ཉུང་མི་རིགས་སྐད་ཡིག་གི་ཁྲིམས་གཅོད་ཡི་གེ་དྲ་ཐོག་ནས་ཁྱབ་སྒྲོག་བྱེད་པའི་བྱ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་བཀོད་སྒྲིག་བསམ་འཆར》པར་སྐྲུན་འགྲེམ་སྤེལ་བྱས་ཏེ། གྲངས་ཉུང་མི་རིགས་སྐད་ཡིག་གི་ཁྲིམས་གཅོད་ཡི་གེ་དྲ་ཐོག་ནས་ཁྱབ་སྒྲོག་བྱེད་པའི་བྱ་བ་ཁྱོན་ཡོངས་བཀོད་སྒྲིག་བྱས་པར་མ་ཟད་སྐུལ་འདེད་བྱས། མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་མི་དམངས་ཁྲིམས་ཁང་གིས་སྣེ་ཁྲིད་དེ་དྲ་ཐོག་ནས་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་སོག་ཡིག་ཁྲིམས་གཅོད་ཡི་གེ་གཅིག་ཁྱབ་སྒྲོག་བྱས་རྗེས། མཚོ་ནུབ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཉེ་ཆར་སོག་ཡིག་གི་འདྲི་གཅོད་ཡི་གེ་གཉིས་ཁྱབ་སྒྲོག་བྱས། དྲ་ཐོག་ཏུ་བཞག་པའི་ཁྲིམས་གཅོད་ཡི་གེ་ཡོངས་རྫོགས་ལ་ས་གནས་ཀྱི་མི་རིགས་སྐད་ཡིག་གཞུང་ལས་ཁང་གིས་ཞིབ་བཤེར་བྱས། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་སྐད་གཉིས་གཏུག་བཤེར་བྱ་བའི་ཐད་ནས་བྱེ་བྲག་གི་བྱ་བའི་དམིགས་འབེན་བཏོན་པ་དང་། རྨ་ལྷོ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བདག་སྤྲོད་དང་ལག་བསྟར་བྱས་པའི་གྲངས་ཉུང་མི་རིགས་ཀྱི་དོ་བདག་པ་དང་འབྲེལ་བའི་གྱོད་དོན་ཁྲོད། ཉེས་དོན་དང་སྲིད་འཛིན།ལག་བསྟར་བཅས་ཀྱི་གྱོད་དོན་ཁྲིམས་གཅོད་ཡི་གེ100%ཡི་བསྡུར་ཚད་དང་། དམངས་དོན་གྱོད་དོན་གྱི་ཁྲིམས་གཅོད་ཡི་གེ60%ཡི་བསྡུར་ཚད་ལྟར། བོད་ཡིག་གི་ཁྲིམས་གཅོད་ཡི་གེ་བཟོས་ཏེ་དོ་བདག་པའི་ལག་ཏུ་སྤྲད་པ་དང་དྲ་ཐོག་ནས་ཁྱབ་སྒྲོག་བྱས། གཞི་རིམ་ཁྲིམས་ཁང་གིས་བདག་སྤྲོད་དང་ལག་བསྟར་བྱས་པའི་གྲངས་ཉུང་མི་རིགས་ཀྱི་དོ་བདག་པ་དང་འབྲེལ་བའི་གྱོད་དོན་ཁྲོད། ཉེས་དོན་དང་སྲིད་འཛིན།ལག་བསྟར་བཅས་ཀྱི་གྱོད་དོན་ཁྲིམས་གཅོད་ཡི་གེ90%ཡི་བསྡུར་ཚད་དང་། དམངས་དོན་གྱོད་དོན་གྱི་ཁྲིམས་གཅོད་ཡི་གེ50%ཡི་བསྡུར་ཚད་ལྟར། བོད་ཡིག་གི་ཁྲིམས་གཅོད་ཡི་གེ་བཟོས་ཏེ་དོ་བདག་པའི་ལག་ཏུ་སྤྲད་པ་དང་དྲ་ཐོག་ནས་ཁྱབ་སྒྲོག་བྱས།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས《སྐད་གཉིས་གཏུག་བཤེར་ལ་སྐུལ་འདེད་བཏང་ནས་ཁྲིམས་འཛིན་སྤྱི་བསྒྲགས་བྱེད་ཚད་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་བརྡ་སྦྱོར》པར་འགྲེམ་བྱས་རྗེས། ཡང་བསྐྱར་ཧུར་བརྩོན་གྱིས《སྐད་གཉིས་ཁྲིམས་གཅོད་ཡི་གེ་བཟོ་བའི་འཕེལ་རིམ་ཇེ་དྲག་ཏུ་གཏོང་ཐབས》བཏོན་ནས། ཁྲིམས་གཅོད་ཡི་གེ་ཡིག་སྒྱུར་བྱེད་མཁན་གྱི་འགན་འཁྲི་དང་དྲ་ཐོག་ཏུ་འཇོག་པའི་གོ་རིམ་ཐད་ནས་གཏན་འཁེལ་ཞིབ་མོ་བྱས་ཤིང་། བོད་རྒྱ་སྐད་གཉིས་ཀྱི་གཏུག་བཤེར་བྱ་བ་ཚད་ལྡན་ཅན་གྱི་འཕེལ་རྒྱས་འབྱུང་བར་སྐུལ་འདེད་བཏང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁུལ་ཡོངས་ཀྱི་ཁྲིམས་ཁང་ཚང་མས་བོད་རྒྱའི་བཅའ་ཁྲིམས་ཡིག་རིགས་ཀྱི་ཡིག་སྒྱུར་མི་སྣ་གཏན་འཁེལ་བྱས་པ་དང་། གྱོད་དོན་གྱི་དོ་བདག་པ་ཕྱོགས་གཅིག་བོད་ཡིན་ན། ངེས་པར་བོད་ཡིག་གི་ཁྲིམས་གཅོད་ཡི་གེ་བཟོས་ཏེ་དོ་བདག་པའི་ལག་ཏུ་སྤྲོད་དགོས་པར་མ་ཟད། ངེས་པར་ཁྲིམས་ལྟར་དྲ་ཐོག་ནས་སྤྱི་བསྒྲགས་བྱེད་དགོས་པ་གཏན་འཁེལ་བྱས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གཉིས་ཀྱིས་གྲངས་ཉུང་མི་རིགས་སྐད་ཡིག་གི་ཁྲིམས་གཅོད་ཡི་གེ་བཟོ་བ་དང་དྲ་ཐོག་ཏུ་འཇོག་པའི་ཚད་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་ནས། ཉེ་ཆར་གྲངས་ཉུང་མི་རིགས་སྐད་ཡིག་གི་ཁྲིམས་གཅོད་ཡི་གེ་དྲ་ཐོག་ཏུ་བཞག་ཚད་ཇེ་མང་དུ་བཏང་བ་དང་། མངའ་འོག་ནང་གི་ཁྲིམས་ཁང་གིས་སྐད་གཉིས་གཏུག་བཤེར་བྱ་བར་ཁྲིད་སྟོན་བྱེད་པའི་ཚད་ཇེ་དྲག་ཏུ་བཏང་། བྱེད་ཐབས་རྣམ་པ་སྣ་ཚོགས་བརྒྱུད་དེ། ཞིང་ཆེན་ཡོངས་ཀྱི་འབྲོག་ཁུལ་ཁྲིམས་ཁང་མང་ཆེ་ཤས་ཀྱིས་གྲངས་ཉུང་མི་རིགས་སྐད་ཡིག་གི་ཁྲིམས་གཅོད་ཡི་གེ་དྲ་ཐོག་ཏུ་བཞག་མ་མྱོང་བའི་གནས་ཚུལ་གཏོར་ཏེ། སྐད་གཉིས་གཏུག་བཤེར་གྱི་བྱ་བ་ཡར་ངོའི་ཟླ་ལྟར་འཕེལ་བཞིན་ཡོད་དོ། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།