2017ལོའི་ཡུས་ཧྲུའུ་རྟ་རྒྱུག་དུས་ཆེན་དང་སྐབས་གཉིས་པའི་གངས་ལྗོངས་གེ་སར་རིག་གནས་སྒྱུ་རྩལ་དུས་ཆེན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཆུའི་རིག་གནས་དུས་ཆེན་འགོ་བརྩམས་པ།

83.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས25ཉིན། 2017ལོའི་ཡུས་ཧྲུའུ་རྟ་རྒྱུག་དུས་ཆེན་དང་སྐབས་གཉིས་པའི་གངས་ལྗོངས་གེ་སར་རིག་གནས་སྒྱུ་རྩལ་དུས་ཆེན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཆུའི་རིག་གནས་དུས་ཆེན་དེ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བཀྲ་ཤིས་ཁོག་རྟ་རྒྱུག་ར་བའི་ནང་གཟབ་རྒྱས་ངང་འགོ་བརྩམས། རྟ་རྒྱུག་དུས་ཆེན་དང་གཞན་པའི་དུས་ཆེན་གཉིས་ནི་དུས་ཆེན་གསུམ་མཉམ་སྒྲུབ་ཀྱི་རྣམ་པས་སྤེལ་བ་དང་། བྱ་འགུལ་རབ་དང་རིམ་པ་སྤེལ་ཏེ་ཚེས28ཉིན་བར་མཇུག་སྒྲིལ་རྒྱུ་རེད།

ཡུས་ཧྲུའུ་ཡི་ས་ཁོངས་རྒྱ་ཆེ་བ་དང་མི་རིགས་རིག་གནས་ཀྱི་ལོ་རྒྱུས་ཡུན་རིང་བ། རང་བྱུང་མིས་བཟོས་མཛེས་ལྗོངས་ཕུན་སུམ་ཚོགས་པ་བཅས་ཡོད། ཡུས་ཧྲུའུ་རྟ་རྒྱུག་དུས་ཆེན་ནི་ས་གནས་དེའི་ལོ་རེར་ཐེངས་རེའི་ཆེས་གཟབ་རྒྱས་ཀྱི་དུས་ཆེན་བྱ་འགུལ་ཞིག་ཡིན་པ་མ་ཟད། ཡུས་ཧྲུའུ་རིག་གནས་གནས་སྐོར་ཀྱི་སྣང་བརྙན་གསར་འཛུགས་དང་ཕྱོགས་བསྡུས་དངོས་ཤུགས་མཐོར་འདེགས་སུ་གཏོང་བའི་ཐབས་ལམ་ཞིག་ཀྱང་ཡིན།

འགོ་རྩོམ་མཛད་སྒོའི་སྟེང་གླིང་སྒྲུང་ལས་རྟ་རྒྱུག་རྒྱལ་འཇོག་དང་། འབྲི་ཆུ་དང་རྨ་ཆུ། རྫ་ཆུའི་བཞུར་རྒྱུད་མི་འདྲ་བའི་ཆུ་ཐིགས་བསྲེས་སྤོར། རྟ་རྩལ་འགྲེམ་སྟོན་དང་ཡུས་ཧྲུའུ་ཡི་སྲོལ་རྒྱུན་བྲོ་གཞས་འཁྲབ་སྟོན་སོགས་དམངས་ཁྲོད་སྲོལ་རྒྱུན་གླུ་གར་འཁྲབ་སྟོན་གཙོ་བྱས་ཏེ། ཕྱོགས་ཡོངས་ནས་ཡུས་ཧྲུའུ་ཡི་མི་རིགས་རིག་གནས་མངོན་པར་འགྲེམ་སྟོན་བྱས་པ་མ་ཟད་ལྟད་མོ་བར་ཕུན་སུམ་ཚོགས་པའི་མི་རིགས་ཀྱི་ཁྱད་ལྡན་གླུ་གར་སྒྱུ་རྩལ་གྱ་ནོམ་པ་ཞིག་ཕུལ།

བྱ་འགུལ་སྐབས་སུ་རྟ་རྒྱུག་དང་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར། གེ་སར་ཀྱི་རི་མོ་དང་ཡིག་གཟུགས། ཐང་ག་འགྲེམ་སྟོན། སྒྲུང་བཤད་པ། གླིང་སྒྲུང་འཁྲབ་སྟོན། ཁྲི་འདུ་དང་ནང་ཆེན། རྫ་སྟོད་སོགས་རྫོང་ལྔ་ཡི་ཟློས་གར་འཁྲབ་སྟོན་དང་། གླུ་གཞས་ཆེད་ཚོགས་དང་རྒྱན་གོས་འགྲེམ་སྟོན། སྐོར་བྲོ་སོགས་ཀྱི་བྱ་འགུལ་སྣ་ཚོགས་སྤེལ་ཏེ། ཡུས་ཧྲུའུ་ཡི་ཁྱད་ཆོས་ལྡན་པའི་ཁམས་པའི་རིག་གནས་དང་མི་རིགས་ཀྱི་རིག་གནས་འགྲེམ་སྟོན་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།