མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི《སྦྲང་ཆར》དུས་དེབ་ཀྱིས“བོད་ཀྱི་སྒྲུང་གཏམ་གསར་རྩོམ་དང་བརྩེ་སེམས་མཉམ་རོལ”ཞེས་པའི་བགྲོ་གླེང་བྱ་འགུལ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ལོ2018ལོའི་ཟླ4པའི་ཚེས23སྟེ་འཛམ་གླིང་དཔེ་ཀློག་ཉིན་མོར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི《སྦྲང་ཆར》དུས་དེབ་ཀྱིས་སྣེ་ཁྲིད་དེ་བསྒྲུབས་པའི“བོད་ཀྱི་སྒྲུང་གཏམ་གསར་རྩོམ་དང་བརྩེ་སེམས་མཉམ་རོལ”ཞེས་པའི་བགྲོ་གླེང་བྱ་འགུལ་དེ་གྲོང་ཁྱེར་ཟི་ལིང་ཧའེ་ཧུའོ་ཁུལ་གསར་གྱི་ཅི་ཧོ་དཔེ་ཁང་དུ་སྤེལ། རེབ་འདིའི་བྱ་འགུལ་ལ《སྦྲང་ཆར》དུས་དེབ་ཀྱི་རྒྱུན་ལས་གཙོ་སྒྲིག་གཞོན་པ་བཀྲ་ཤིས་དོན་གྲུབ་ཀྱིས་མགོ་འཛིན་བྱས་ཤིང་། འདི་ག་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་ལྷན་རྒྱས་དང་། གདན་ཞུའི་སྐུ་མགྲོན་རང་སྒྲ། སྒྲོལ་མ་རྒྱ་མཚོ། སྒོ་མེ་ཚེ་རིང་བཀྲ་ཤིས། གེ་སར། མེལ་ཚེ་བཅས་ཀྱིས་ཀློག་མཁན་མང་བོ་དང་མཉམ་དུ་བོད་ཀྱི་རྩོམ་རིག་སྤྱི་དང་། སྒོས་སུ《སྦྲང་ཆར》དུས་དེབ་ཀྱི་སྒྲུང་གཏམ་དམིགས་སུ་བཟུང་ནས་དཔྱད་གླེང་མཛད། ཚོགས་ཞུགས་མི་སྣ་ཡོངས་ཀྱིས་སོ་སོས་བལྟས་པའི་སྒྲུང་གཏམ་གྱི་དགེ་སྐྱོན་ཇི་སྙེད་ལ་འཛེམ་དོགས་མེད་པར་གསེད་འགྲོལ་གང་ལེགས་གནང་བར་མ་ཟད། མིག་སྔའི་སྒྲུང་གཏམ་གསར་རྩོམ་ཐད་གནས་པའི་ཚིག་སྦྱོར་སྤེལ་སྟངས་དང་བརྗོད་སྙིང་བདམ་གསེས། མཛེས་དཔྱོད་ལྟ་བ་སོགས་ལས་གཞན། རྩོམ་སྒྲིག་པར་ཞུ་དང་རྩོམ་ཡིག་དག་བཅོས།རྩོམ་པ་པོ་སྐྱེད་སྲིང་བཅས་ཀྱི་ཐད་དུའང་བླང་བྱ་མང་བོ་བཏོན་པས། མ་འོངས་པར《སྦྲང་ཆར》དུས་དེབ་གྲ་རྒྱས་ཕུན་ཚོགས་སུ་བསྒྲུབ་པར་ཕྱར་བ་གྲུ་འདེགས་ཀྱི་ཕན་ནུས་མི་དམན་པ་ཐོབ་པར་གྱུར་ཏོ།།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།