གེ་སར་གྱི་ཕ་ས་ནས་གེ་སར་རིག་གནས་ཀྱི་འཕེལ་རྒྱས་གླེང་བ།——མགོ་ལོག་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གི་མགོ་གཙོ་ལྷོ་བ་ཚེ་རིང་ལ་བཅར་འདྲི་བྱས་པ།

01.jpg

གེ་སར་རིག་གནས་ནི་བོད་མི་རིགས་ཐུན་མོང་གི་བློ་གྲོས་ཀྱི་ཉིང་བཅུད་དང་འབད་བརྩོན་གྱི་འབྲས་བུ་ལས་བྱུང་བ་ཤ་སྟག་ཡིན་ཞིང་། རྒྱལ་ཁབ་ཕྱི་ནང་གི་མཁས་པ་ཚོས་འཛམ་གླིང་སྟེང་ཆེས་རིང་བའི་དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་མོའི་གྲས་སུ་བཞག་ཡོད་ལ། དེས་མི་རིགས་ཀྱི་ལོ་རྒྱུས་དང་བོད་མིའི་སྤྱི་ཚོགས། ཐོན་སྐྱེད་འབྲེལ་བ། འདུ་ཤེས་འཛིན་སྟངས། གྲལ་རིམ་འབྲེལ་བ། ཆོས་ལུགས་དད་མོས། གཞན་ཡང་དཔལ་འབྱོར་དང་དམག་དོན། རིག་གནས་དང་ཀུན་སྤྱོད། ཡུལ་སྲོལ་དང་གོམས་གཤིས་སོགས་ཀྱི་གནས་ཚུལ་ལ་ཞིབ་འཇུག་དང་རྒྱུས་ལོན་བྱེད་པའི་ཀུན་འདུས་ཀྱི་མེ་ལོང་ཞིག་ཡིན།

ཨ་མདོ་མགོ་ལོག་གི་ཡུལ་ཞེས་པ་འདི་ནི་བ་ཡན་ཁྲ་ལ་རིང་མོའི་རི་རྒྱུད་ལྷོ་ཡི་ཕྱོགས་ཆར་འཐེན་ཞིང་། རྨ་རྒྱལ་གངས་ཀྱི་ཟོ་དོར་ཆེན་མོ་བྱང་གི་གཞི་དཀྱིལ་དུ་གཟི་བརྗིད་ཀྱིས་བཞེངས་ལ། གཉན་པོ་གཡུ་ཡི་རྩེ་མོར་གྲགས་པ་རྔམ་ཟིལ་དང་བཅས་ཤར་ལྷོའི་ཕྱོགས་སུ་རྣམ་པར་འགྲེང་ཡོད།  ཡུལ་འདིའི་རི་ཀླུང་ཀུན་ལ་གེ་སར་ལོ་རྒྱུས་སྙན་ངག་རིང་མོའི་སྲོག་རྒྱུན་གྱིས་རྣམ་པར་བཟུང་བས་ཁྱད་མཚར་བའི་གསོན་ཉམས་ཀྱིས་ཕྱུག་ཡོད་པ་དང་། དེ་ནི་འཛམ་གླིང་སྟེང་ཆེས་རིང་བའི་ལོ་རྒྱུས་སྙན་ངག་ཅིག་ཡིན་པ་མ་ཟད། འཛམ་གླིང་སྟེང་ངག་རྒྱུན་རིག་གནས་ཞིབ་འཇུག་གི་རྒྱུ་ཆ་གསོན་པོ་ཞིག་ཀྱང་ཡིན།

དེར་བརྟེན། ༢༠༠༦ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གེ་སར་ལོ་རྒྱས་སྙན་ངག་རིང་མོ་དེ་སྐོར་དང་པོའི་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་མིང་བྱང་དུ་བཀོད་ཅིང་། ལྷག་པར་དུ་བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན་གྱི་ལོ་ངོ་བཞི་བཅུའི་རིང་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་གསོ་དང་དཔལ་འབྱོར། འཕྲོད་བསྟེན་ལ་སྔར་མེད་ཀྱི་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། དེ་བཞིན་དུ་ཡུལ་འདིའི་རིག་གནས་ཀྱི་སྲོག་ཤིང་དུ་གྱུར་བའི་གེ་སར་རིག་གནས་དེའང་སྔར་བས་ཁྱབ་གདལ་དུ་སོང་སྟེ། ཡུལ་མགོ་ལོག་གི་ས་ཁུལ་དུ་གེ་སར་རིག་གནས་ཀྱི་རྣམ་པ་ཕུན་སུམ་ཚོགས་པོ་ཞིག་ཆགས་ནས་གེ་སར་རིག་གནས་བརྒྱུད་སྤེལ་བྱེད་པའི་རྟེན་གཞིའང་སྣ་ཚོགས་ཤིག་བཙུགས་ཡོད།

     མགོ་ལོག་རྫོང་ཁག་དྲུག་ཏུ་གེ་སར་ཕོ་བྲང་སེང་ཕྲུག་སྟག་རྩེས་མཚོན་པའི་རིག་གནས་རྟེན་གཞི་མང་པོ་བཙུགས་ཡོད་པའང་ཐམས་ཅད་ས་གནས་རང་གི་རིག་གནས་ཁྱད་ཆོས་ཀྱི་སྲོག་ཤིང་ལྟ་བུར་གྱུར་བའི་གེ་སར་རིག་གནས་དཀྱིལ་སྙིང་བྱས་པ་ཤ་སྟག་ཏུ་ངེས་ལ་དེ་ཡང་གེ་སར་རྒྱལ་པོ་དང་དཔའ་ཐུལ་སུམ་ཅུའི་སྐུ་འདྲ་དང་། གོས་ཐང་གྱད་ཐང་བཞེངས་བ། དེ་འབྲེལ་གྱི་རིག་རྫས་ཉར་བསྡུ་བྱེད་པ། གེ་སར་གྱི་གར་འཆམ་པ། གེ་སར་གྱི་བསང་ཕུད་པ་སོགས་ཀྱི་ཁྱད་ཆོས་གཞིར་བཟུང་སྟེ་སྤེལ་བ་ཞིག་ཡིན་སྟབས་མཐར་གཏུག་ནས་བརྗོད་ན་འཛམ་གླིང་གེ་སར་རྒྱལ་པོའི་རིག་གནས་ལ་རྗེས་དྲན་དང་འཛམ་གླིང་གེ་སར་རྒྱལ་པོའི་རིག་གནས་ལ་ཞིབ་འཇུག་བྱེད་པ་སོགས་ཀྱི་ལས་གཞི་སྣ་ཚོགས་ལེགས་པོར་བསྒྲུབས་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། །

da2b1711e5b59756f2ef01d45bdb84f9.jpg

(གསར་འགོད་པ། རམས་ཚེ་བྷོ། ཚེ་མཁར་རྒྱལ། རྡོ་རྗེ་བསམ་འགྲུབ།)

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།