ཝང་ཅན་ཅུན་དང་ལིག་ཉིང་གཙོས་མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་རྣམས་ཀྱིས་ལས་གནས་སྟེང་གི་དགེ་རྒན་རྣམས་ལ་འཚམས་འདྲི་བྱས་ཏེ་སྐུལ་ལྕག་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དགེ་རྒན་དུས་ཆེན་ཐེངས་སོ་བཞི་བ་སླེབས་ལ་ཉེ་བའི་སྐབས་འདིར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ལིག་ཉིང་སོགས་ཞིང་ཆེན་གྱི་འགོ་ཁྲིད་རྣམས་སྔ་གཞུག་བྱས་ཏེ། མཚོ་སྔོན་གྱི་སློབ་གྲྭ་ཆུང་འབྲིང་དང་མཐོ་རིམ་སློབ་ཆེན་སོ་སོར་སོང་ནས། རྒྱ་ཆེ་བའི་དགེ་རྒན་རྣམས་ལ་འཚམས་འདྲི་ལྟ་སྐྱོང་བྱས་པར་མ་ཟད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་དགེ་རྒན་དང་སློབ་གསོ་དོན་གཉེར་བ་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་བྱས།

ཟླ9བའི་ཚེས4ཉིན་གྱི་སྔ་དྲོར། ཝང་ཅན་ཅུན་དང་ལིག་ཉིང་གཉིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་མི་རིགས་སློབ་ཆུང་དང་པོའི་རྩལ་སྦྱོང་ར་བའི་ནང་དུ་སོང་ནས། ཞབས་བྲོ་ལག་ལེན་སློབ་ཁྲིད་གྲོལ་མ་ཐག་པའི་ལོ་རིམ་དྲུག་པའི་སློབ་གྲོགས་རྣམས་དང་ལྷན་དུ། མཛའ་བརྩེ་ཟོལ་མེད་སྒོས་སློབ་གྲོགས་རྣམས་ཀྱི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ལ་འདྲི་རྩད་བྱས་པ་དང་། སློབ་གྲྭའི་གེ་སར་སྒྲུང་གི་འཁྲབ་སྟོན་དང་གཞས་མ་གཏམ་གྱི་རྩེད་མོར་བལྟས་པར་མ་ཟད། སློབ་གྲོགས་རྣམས་ལ་སློབ་སྦྱོང་བཟང་བོ་བྱས་ཏེ་ཉིན་རེར་ཡར་ཐོན་ཡོང་བར་འབད་འབུངས་བྱས་ནས། བདེ་ཐང་དང་སྤྲོ་སྣང་གི་སྒོ་ནས་འཚར་ལོངས་འབྱུང་དགོས་པར་སྐུལ་མ་བཏང་། དེའི་རྗེས་ཝང་ཅན་ཅུན་དང་ལིག་ཉིང་གིས་སློབ་གྲྭ་དེ་གའི་དཔེ་མཛོད་ཁང་ན་སློབ་ཁྲིད་སྐོར་ལ་ཞིབ་འཇུག་བགྲོ་གླེང་བྱེད་ཀྱིན་པའི་དགེ་རྒན་རྣམས་ལ་རེ་རེ་བྱས་ཏེ་ལག་འཇུ་བྱས་པར་མ་ཟད། ཁོ་ཚོ་དང་ལྷན་དུ་བཞུགས་མོལ་བགྲོ་གླེང་བྱས། ཝང་ཅན་ཅུན་གྱིས་བཤད་རྒྱུར། སློབ་ཆུང་སློབ་གསོ་ནི་འོས་འགན་སློབ་གསོའི་གཞི་རྩ་ཡིན་ལ། རིགས་སོ་སོའི་དགེ་རྒན་རྣམས་ཀྱིས་རིགས་སོ་སོའི་བྱིས་པ་རྣམས་ཀྱི་འཚར་ལོངས་དང་ཤེས་བྱ་ཡོན་ཏན་འཛོམས་པའི་བྱིས་པ་ཞིག་ཏུ་བསྒྱུར་ཆེད། རང་གི་མི་ཚེ་ཧྲིལ་བོའི་ཁྲོད་ཀྱི་ཆེས་མཛེས་ཤིང་རིན་ཐང་ཆེ་བའི་དུས་ཚོད་དང་ལང་ཚོ་མཐོ་སྒང་འབྲོག་ཁུལ་གྱི་སློབ་གསོའི་ལས་དོན་ཆེད་དུ་ཕངས་མེད་ཕུལ་བས། དགེ་རྒན་རྣམས་ཀྱི་བློས་གཏོང་གི་སྙིང་སྟོབས་དེར་གུས་འདུད་བླ་མེད་ཞུས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བས་སློབ་གསོའི་ལས་དོན་སྔོན་ལ་འཕེལ་རྒྱས་གཏོང་བ་དང་། མི་དམངས་ཀྱི་འདོད་བློ་དང་འཚམ་པའི་སློབ་གསོ་སྤེལ་དགོས་པར་གདམས་ཡོད། རྒྱལ་ཁབ་ཀྱིས་སློབ་གསོ་གཞི་རྩར་བཟུང་ཡོད་པ་དང་། སློབ་གསོས་དགེ་རྒན་རྩ་བར་བཟུང་ཡོད། དགེ་རྒན་གྱིས་སློབ་མ་རྩ་བར་བཟུང་ཡོད། མ་འོངས་པའི་འགྲན་རྩོད་ནི་འཇོན་ཐང་མི་སྣའི་འགྲན་རྩོད་ཡིན་ལ། འཇོན་ཐང་མི་སྣའི་འགྲན་རྩོད་ནི་སློབ་གསོའི་འགྲན་རྩོད་ཀྱང་ཡིན། རེ་བ་ཡིན་ན་རྒྱ་ཆེ་བའི་དགེ་རྒན་རྣམས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློའི་སློབ་ཁྲིད་བྱ་བར་ཤུགས་བསྣན་ནས། བྱིས་པ་རྣམས་ཆུང་དུས་ནས་བཟུང་རང་ཚུགས་ཐུབ་པའི་སྒོ་ནས་ཡར་འགྲེང་ཐུབ་པ་དང་སྟོབས་འབྱོར་མངའ་ཐང་དར་བའི་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཞུད་ལམ་ཡིད་ལ་དམ་པོར་ཉར་དུ་བཅུག་ནས། ཕུགས་བསམ་བླ་མེད་དང་འཛམ་གླིང་གི་ལྟ་བ་ཡང་དག་རང་རྒྱུད་ལ་འཇོག་དགོས། དགེ་རྒན་གྱི་ཀུན་སྤྱོད་ལེགས་པོ་དར་སྤེལ་གཏོང་བ་དང་སྤྱོད་ལམ་ལེགས་པོ་གསོ་སྐྱོང་བྱས་ཏེ། སློབ་མ་རྣམས་ལ་བློ་སེམས་གཅིག་སྒྲིལ་དང་རང་སྲུང་རང་གཅེས། ཉིན་རེར་ཡར་ཐོན་འབྱུང་བ། མེས་རྒྱལ་ལ་དགའ་ཞེན་ཆེ་བ། སྤྱི་ཚོགས་ལ་དགའ་ཞེན་ཡོད་པ། ཁྱིམ་ཚང་ལ་དགའ་ཞེན་ཡོད་པ་བཅས་སུ་འགྱུར་བར་སྐུལ་ཁྲིད་དང་སློབ་གསོ་བཏང་མཐར། རྒྱལ་ཁབ་དང་སྤྱི་ཚོགས། ཁྱིམ་ཚང་བཅས་ལ་གོ་ཆོད་ཐུབ་པའི་མི་ཞིག་ཏུ་འགྱུར་བར་འབད་འབུངས་བྱེད་དགོས་ཟེར།

ཟླ9བའི་ཚེས4ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་ཟི་ལིང་གྲོང་ཁྱེར་ཞིན་ཀྲི་སློབ་ཆུང་དུ་སོང་ནས། སློབ་གསོའི་ལས་གནས་སྟེང་གི་དགེ་རྒན་རྣམས་ལ་འཚམས་འདྲི་ལྟ་སྐྱོང་བྱས་ཏེ། ཁོ་ཚོའི་དུས་ཆེན་ལ་རྟེན་འབྲེལ་ཞུས། ཀྲང་ཞི་མེན་གྱིས་བསྟན་དོན། ཉམས་མྱོང་བཟང་བོ་དང་བྱེད་ཐབས་ལེགས་པོར་སྤྱི་སྡོམ་བྱས་ཏེ། མི་རིགས་བསྐྱར་དར་གྱི་འོས་འགན་ལྕི་མོ་ཕྲག་སྟེང་དུ་ལེན་ཕོད་པའི་དུས་རབས་ཀྱི་མི་གསར་བ་གསོ་སྐྱོང་བྱེད་པའི་དམིགས་འབེན་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། མི་དམངས་ཀྱི་འདོད་བློ་དང་འཚམ་པའི་སློབ་གསོ་ལེགས་པོ་གཉེར་དགོས་ཟེར།

ཟླ9བའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ་སྔ་གཞུག་བྱས་ཏེ། མཚོ་སྔོན་དགེ་འོས་སློབ་ཆེན་དང་མཚོ་སྔོན་སློབ་ཆེན་གྱི་གསོ་རིག་སློབ་གླིང་། མཚོ་སྔོན་མི་རིགས་སློབ་ཆེན་བཅས་སུ་སོང་ནས། ལས་འཁྱུར་ངལ་གསོ་བྱས་ཟིན་པའི་དགེ་རྒན་ཀྲང་ཁྲིན་ཚའེ་དང་ཧན་ཝུན། སློབ་གསོའི་ལས་གནས་སྟེང་ན་ཡོད་པའི་དགེ་རྒན་ལིག་ཞིས་ལན་སོགས་ལ་འཚམས་འདྲི་བྱས་ཏེ། ཁོ་ཚོར་གུས་འདུད་དང་སྨོན་འདུན་ཞུས། ཝང་ཡུས་པོ་ཡིས་བསྟན་དོན། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་རྒྱུ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་སྟོན་གྱིན་པའི་ཏང་གི་སློབ་གསོའི་བྱེད་ཕྱོགས་གལ་ཆེན་ཞིག་ཡིན། རྒྱ་ཆེ་བའི་དགེ་རྒན་དང་སློབ་གསོའི་ལས་དོན་གཉེར་མཁན་རྣམས་ཀྱིས་ཆབ་སྲིད་བརྩི་བ་དང་ཕུགས་བསམ་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། ཁག་ཁུར་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བར་འབད་དེ། དུས་རབས་ཀྱིས་བསྩལ་བའི་འོས་འགན་ཁ་མིན་དོན་གྱིས་ཕྲག་སྟེང་དུ་ལེན་ཐུབ་དགོས་ཟེར།

ཧན་ཅིན་ཧྭ་གོང་གསལ་བྱ་འགུལ་ལ་ཞུགས།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།