མཚོ་སྔོན་ཞིང་ཆེན་གྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྐུལ་སྤེལ་གྲོས་ཚོགས་ཟི་ལིང་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྐུལ་སྤེལ་གྲོས་ཚོགས་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན་ཟི་ལིང་ནས་ཚོགས། ཚོགས་ཐོག་ནས་རྒྱལ་ཡོངས་ཀྱི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་མ་ཟད། དུས་རིམ་རྗེས་མའི་བྱ་བར་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞི་མེན་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱིན་པའེ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི་མིན་ཡུང་ཧྲན་བཅས་གྲོས་ཚོགས་ལ་ཞུགས་པ་དང་། དབྱིན་པའེ་ཡིས་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྤེལ་བའི་ཚུན་དུ། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ་དང་། རྩ་འཛུགས་ཞིབ་མོ་དང་སྟོབས་ཤུགས་ཡོད་ཚད་བཏོན་ནས་མཉམ་དུ་མཁྲེགས་གཏོར་བྱས་ནས། ནག་ངན་སྟོབས་ཤུགས་ལ་འཇབ་རྒོལ་ཆེན་པོ་བྱས་པས། ཆེད་དོན་འཐབ་རྩོད་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། མིག་སྔར་ཞིང་ཆེན་ཡོངས་ཀྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་དེ་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་གནད་འགག་དུས་རིམ་དུ་སླེབས་ཡོད་པ་དང་། ས་ཆ་སོ་སོ་སྡེ་ཁག་སོ་སོས་ཞིང་ཆེན་གྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། ས་ཁུལ་གཙོ་བོ་དང་ལས་རིགས་གཙོ་བོ་བརྒལ་གཏོར་བྱེད་ས་བརྩི་བ་དང་། གཞི་རིམ་རྩ་འཛུགས་འཛུགས་སྐྲུན་དེ་ཤུགས་འདོན་ས་རུ་བྱས་ནས། འཇབ་རྒོལ་བྱེད་སའི་ཁ་ཕྱོགས་གཏན་ཁེལ་གསལ་བོ་བྱེད་པ་དང་། འགན་སྲུང་བྱེད་ཐབས་ཇེ་དྲག་ཏུ་བཏང་སྟེ། ཆེད་དོན་འཐབ་རྩོད་རྒྱུན་མ་ཆད་པར་གཏིང་ཟབ་ཏུ་སྤེལ་དགོས། ཁུངས་སྣེ་སྔོག་འདོན་དང་ཞིབ་བཤེར་གཏིང་ཟབ་བྱེད་པའི་འགུལ་སྐྱོད་སྤེལ་ནས། རྒྱུན་མཐུད་ངང་རྡུང་རྡེག་བྱེད་པའི་ཐད་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས། ལས་རིགས་གཙོ་བོའི་ཆེད་དོན་བཅོས་སྐྱོང་མཁྲེགས་གཏོར་འགུལ་སྐྱོད་སྤེལ་ནས། འགོ་ཁུངས་ནས་ནག་ངན་སྟོབས་ཤུགས་ལ་བཀག་འགོག་བྱེད་དགོས། ཞང་དང་གྲོང་རྡལ་གཙོ་བོར་་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་མཁྲེགས་གཏོར་འགུལ་སྐྱོད་སྤེལ་ནས། སྔར་ཡོད་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་དགོས་ཟེར།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།