མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་བུན་འཛིན་ལས་གཞིའི་དོ་དམ་བྱ་བའི་ཆེད་དོན་ཚོགས་འདུ་ཟི་ལིང་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་གི་བུན་འཛིན་ལས་གཞིའི་དོད་མ་བྱ་བའི་ཆེད་དོན་ཚོགས་འདུ་ཟླ་དང་པོའི་ཚེས་བཅུ་བདུན་ཉིན་ཟི་ལིང་ནས་ཚོགས།  མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཧན་ཅན་ཧྭ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཧན་ཅན་ཧྭ་ཡིས་བསྟན་དོན། མཚོ་སྔོན་ཞིང་ཆེན་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གནད་འགག་དུས་སྐབས་སུ་གནས་ཡོད་ལ། ཕྱོགས་སོ་སོའི་ནོར་སྲིད་མ་དངུལ་ཐད་ཀྱི་དགོས་མཁོ་ཧ་ཅང་ཆེ་བས། ཚད་དང་ལྡན་པ་དང་ཕན་ནུས་ལྡན་པའི་སྒོ་ནས་སྲིད་གཞུང་གི་བུན་འཛིན་མ་དངུལ་བཀོལ་སྤྱོད་བྱེད་རྒྱུ་ནི། མཚོ་སྔོན་ཞིང་ཆེན་གྱི་ནོར་ཤུགས་ཐད་ཀྱི་མི་འདང་སར་ཁ་གསབ་བྱེད་པ་དང་། རྨང་གཞི་སྒྲིག་ཆས་དང་དམངས་ཚིས་ཁྱབ་ཁོངས་ཀྱི་ཞན་ཆ་ཁ་གསབ་བྱེད་པའི་བྱེད་ཐབས་གལ་ཆེན་དུ་གྱུར་ཡོད། བུན་འཛིན་མ་དངུལ་གྲབས་གསོག་བྱས་པ་བརྒྱུད་དེ། དངུལ་བསྲེས་དཀའ་བའི་གནད་དོན་ཐག་གཅོད་ཐུབ་པ་དང་། ལས་གཞི་གཙོ་བོའི་མ་དངུལ་གྱི་དགོས་མཁོ་ལ་འགན་སྲུང་བྱེད་ཐུབ་ལ། མིག་སྔར་དང་ཡུན་རིང་ལ་ཕན་པ་ཆེ་བའི་རྨང་གཞི་སྒྲིག་ཆས་ལས་གཞི་སྐོར་ཞིག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་རྨང་གཞི་བརྟན་པོ་བཏིངས་ཟེར།

ཧན་ཅན་ཧྭ་ཡིས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་རྩ་འཛུགས་འགོ་ཁྲིད་ལ་ཤུགས་བསྣན་ནས། ད་ལོའི་བུན་འཛིན་ལས་གཞི་གཅིག་གྱུར་འཆར་འགོད་བྱེད་དགོས། གཏན་ཁེལ་བྱས་ཟིན་པའི་བཟོ་སྐྲུན་གལ་ཆེན་དང་ལས་གཞི་གལ་ཆེན་བྱེ་བྲག་ཏུ་དབྱེ་ནས། ལས་གཞི་ལག་བསྟར་བྱེད་པ་དང་གྲུབ་འབྲས་ལེན་པར་ཁག་ཐེག་བྱེད་དགོས། ལས་གཞི་མཛོད་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འཐབ་ཇུས་གལ་ཆེན་ལ་དམིགས་ནས། ལས་གཞི་ཉར་གསོག་བྱེད་པའི་སྟེང་ཤུགས་འདོན་པ་དང་། ཡིག་ཐོག་སྙན་ཞུ་བྱས་ཟིན་པའི་ལས་གཞི་ལ་དམ་འཛིན་བྱེད་པ། ཡིག་ཐོག་སྙན་ཞུ་བྱེད་རྩིས་ཡོད་པའི་ལས་གཞི་འཐུས་ཚང་དུ་གཏོང་བ། ཉར་གསོག་ལས་གཞི་ལ་འཆར་འགོད་བྱེད་པ་བཅས་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།