མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་ཉེར་གཅིག་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལིག་ཉིང་གིས་བྱ་བའི་རེ་བ་བཏོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཡུས་པའོ་ཡིས་ཚོགས་འདུར་འགོ་མཛིན་བྱས་པར་མ་ཟད་གཏམ་བཤད་པ་དང་། ཚོགས་ཞུགས་མི་སྣ་དང་བརྗེ་རེས་གཏིང་ཟབ་བྱས་ལ། ད་ལོའི་འཕྲོད་བསྟེན་དང་བདེ་ཐང་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གྲོས་སློབ་གསོ་ཚན་རིག་འཕྲོད་བསྟེན་ལུས་རྩལ་ཨུ་ཡོན་ལྷན་ཁང་། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན། གྲོང་ཁྱེར་དང་ཁུལ། རྫོང་སོ་སོའི་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་སྡེ་ཁག ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཐད་གཏོགས་ལས་ཁུངས་སོ་སོ། ཞིང་ཆེན་རིམ་པའི་ལས་རིགས་དང་ལས་ཁུངས། དམངས་གཉེར་སྨན་ཁང་གི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས།

ལིག་ཉིང་གིས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་འཕྲོད་བསྟེན་དང་བདེ་ཐང་བྱ་བ་སྒྲུབ་མཁན་རྣམས་ལ་བཀའ་དྲིན་དང་འཚམས་འདྲི་ཞུས། ཁོས་བསྟན་དོན། 2018ལོར། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་སྤྱི་ཁོག་གི་བཀོད་སྒྲིག་ལ་དམ་དུ་དམིགས་ནས། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བཅོས་སྒྱུར་དང་ནད་རིགས་ལྕི་མོའི་ཚོད་འགོག བདེ་ཐང་དབུལ་སྐྱོར་མཁྲེགས་གཏོར། ཀྲུང་ལུགས་དང་བོད་ལུགས་གསོ་རིགས་འཕེལ་རྒྱས་དང་འཕྲོད་བསྟེན་ཐད་ཀྱི་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་སོགས་ཕྱོགས་ནས་གྲུབ་འབྲས་མི་དམན་པ་བླངས་ཟེར། ལིག་ཉིང་གིས་ནན་གྱིས་བསྟན་དོན། མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་གཟི་བརྗིད་ལྡན་ཞིང་། ཧ་ཅང་ལྕི་ལ་ལམ་ཐག་རིང་། ལོ་གསར་བའི་ནང་། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ། ཚེ་སྲོག་ལ་བརྩི་བཀུར་དང་སྲོག་སྐྱོབ་རྨས་གསོ་བྱེད་པ། བློས་གཏོང་ཕོད་པ། བརྩེ་བར་མཛད་མཐའ་མེད་པའི་བླ་མེད་ཀྱི་ལས་རིགས་སྙིང་སྟོབས་དར་སྤེལ་བྱེད་པ། མང་ཚོགས་ཀྱིས་ནད་སྟོན་དཀའ་བ་དང་སྨན་རིན་མཐོ་བ། སྨན་ཁང་ཐག་རིང་བའི་གནད་དོན་ཐག་གཅོད་པ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྣང་། སྐྱིད་སྣང་ཇེ་དྲག་ཏུ་བཏང་སྟེ། ལྔ་བཞི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང། ཧུར་ཐག་གིས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་སྤེལ་བའི་ཐད་བདེ་ཐང་གི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་ཟེར།

ཝང་ཡུས་པའོ་ཡིས་བསྟན་དོན། བཅོས་སྒྱུར་སྒོ་འབྱེད་བྱས་པའི་ལོ་ངོ་བཞི་བཅུའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར་ཤུགས་ཡོད་སྒོས་སྤེལ་བ་དང་། ནད་རིགས་ལྕི་མོའི་ཚོད་འགོག་མ་ལག་རྒྱུན་མ་ཆད་པར་འཐུས་ཚང་དུ་བཏང་ལ། བདེ་ཐང་དབུལ་སྐྱོར་བརྟན་བརླིང་ངང་ཕན་འབྲས་ལྡན་པའི་ངང་སྤེལ་ཞིང་། སྤྱི་ཐུན་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མངོན་གསལ་སྒོས་ཇེ་མཐོར་སོང་བ་དང་། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྤྱོད་ཆོག་རང་བཞིན་སྔར་ལས་དོ་མཉམ་དུ་གྱུར་ལ། འདྲ་མཉམ་རང་བཞིན་དང་ཁག་ཁུར་རང་བཞིན་སྔར་ལས་ཇེ་དྲག་ཏུ་གྱུར་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། ད་ལོའི་འཕྲོད་བསྟེན་དང་བདེ་ཐང་བྱ་བ་བཟང་བོར་བསྒྲུབ་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རྩ་བའི་གཞི་འཛིན་ས་རུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ཀྱི་བདེ་ཐང་གཙོར་འཛིན་པའི་བསམ་བློ་བརྟན་པོ་འཛུགས་པ། སྤྱི་ཁོག་གི་རེ་བ་དང་འཐབ་ཇུས་གལ་ཆེན། རྨང་གཞིའི་བཟོ་སྐྲུན། བྱེད་ཐབས་གལ་ཆེན་ཁོང་དུ་ཆུད་པར་བྱས་ནས། ནམ་ཡང་ཡང་དག་པའི་ཁ་ཕྱོགས་བརྒྱུད་དེ་མདུན་བསྐྱོད་བྱེད་པར་ཁག་ཐེག་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།