མཚོ་སྔོན་གྱི་བོད་རིགས་ས་ཁུལ་དུ“བདེ་སྐྱིད་རོགས་རེས་ཁང”བཙུགས་ནས་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པར་གྱུར་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བྱང་རྒྱུད་དུ་གནས་ཡོད་ལ། རྫོང་ཁོངས་སུ་གྲོག་རོང་མང་པོ་ཡོད། རི་ཁུལ་གྱི་ཤང་དང་གྲོང་རྡལ་ཁག་གཅིག་གི་རང་བྱུང་ཆ་རྐྱེན་ཅུང་ཞན་པོ་ཡོད་པས་འཚོ་བ་དང་ཐོན་སྐྱེད་ཡག་པོ་མེད། ཉེ་བའི་ལོ་ཤས་རིང་། གྲོང་གསེབ་ཀྱི་གཞོན་དར་ཚོས་ཞིང་ཁ་བཏབ་རྗེས་ཕྱིར་ལས་ཀ་བྱེད་པར་བསྐྱོད་པས། གྲོང་ཚོར་རིམ་བཞིན“གཞིས་ལུས་བྱིས་པ”དང“གཞིས་སྲུང་རྒན་རྒོན”སོགས་བྱུང་བ་མ་ཟད། ད་དུང་དུས་ཚིགས་རང་བཞིན་གྱི“ཟས་ལ་དཀའ་ངལ་འཕྲད་པ”སོགས་ཀྱི་གནད་དོན་ཡང་ཐོན་གྱི་ཡོད།

གནད་དོན་འདི་དག་ཐག་གཅོད་ནུས་ལྡན་ཇི་ལྟར་བྱེད་དགོས་ཤེ་ན། གཅན་ཚ་རྫོང་གིས་ཐབས་ཤེས་འདི་དག་བཏོན་ཡོད་པ་སྟེ།

གཅན་ཚ་རྫོང་སྐྱ་རྒྱ་ཤང་ཏང་ཨུད་ཀྱིས2018ལོའི་ལོ་སྨད་དུ། གཞིས་ལུས་ཚོགས་སྤྱིའི་དཀའ་ངལ་དངོས་ཐག་གཅོད་བྱེད་པ་དམིགས་ཚད་དང་། “གྲོང་ཚོ་རིམ་པས་གཙོ་གཉེར་དང་། གྲོང་མིས་རོགས་རེས། སྤྱི་ཚོགས་ཀྱིས་ཞལ་འདེབས་ཕུལ་བ། སྲིད་གཞུང་གིས་རྒྱབ་སྐྱོར་བཅས”རྩ་དོན་དུ་བཟུང་ནས། གཏོགས་ཁོངས་ཀྱི་གནམ་སྟེང་གྲོང་ཚོར“བདེ་སྐྱིད་རོགས་རེས་ཁང”འཚོལ་ཞིབ་བྱས་ནས་བཙུགས་པ་རེད།

གནམ་སྟེང་གྲོང་ཚོའི་ཏང་ཀྲི་པུའི་འགན་འཁུར་བས“ང་ཚོས་གཞིས་ལུས་ཚོགས་སྤྱིར་བརྟག་ཞིབ་བསྡོམས་རྩིས་བྱས་ནས་རྩིས་ཁྲ་བཟོས་ཡོད། ‘བདེ་སྐྱིད་རོགས་རེས་ཁང’བཙུགས་པ་ནས་ད་བར་དུ། གྲོང་ཚོའི་ཏང་ཀྲི་པུས་ཟླ་རེར་སྒོར1500ཡི་ཚད་གཞི་ནས་ལྟོ་ཆས་མཁོ་འདོན་དང་རྒྱབ་ཕྱོགས་འགན་ལེན་བྱས་པ་མ་ཟད། ད་དུང་མི་སྣ་བཀོད་སྒྲིག་བྱས་ནས་གྲོང་ཚོའི‘གཞིས་སྲུང་རྒན་རྒོན’26དང‘གཞིས་ལུས་བྱིས་པ’7ལ་དུས་ཚོད་ལྟར་ལྟོ་ཆས་སྤྲད་དེ། དུས་ཚིགས་རང་བཞིན་གྱི་ཟས་ལ་དཀའ་ངལ་འཕྲད་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད”ཅེས་བརྗོད།

ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་དེས་ད་བར་གྲོང་གསེབ་ཀྱི“བདེ་སྐྱིད་རོགས་རེས་ཁང”ཁྱོན16བཙུགས་ཡོད་པ་དང་། སླད་ཕྱིན་ཡང་སྔར་བས་ཁྱད་ཆོས་ལྡན་པ་དང་། དམངས་ཀྱི་དགོས་མཁོ་དང་སྔར་བས་མཐུན་པ། ཕན་ནུས་སྔར་བས་ཆ་ཚང་བ་བཅས་ཀྱི“བདེ་སྐྱིད་རོགས་རེས་ཁང”བཙུགས་ནས། དམངས་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་བློ་ཡིད་ཚིམ་ཚད་སྔར་བས་མཐོ་རུ་གཏོང་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།