2019ལོའི་རྒྱལ་ཡོངས་ཀྱི་སློབ་ཁུངས་ས་ཆའི་སློབ་ཡོན་རོགས་དངུལ་བུན་གཏོང་ལས་དོན་ཚེས་15ཉིན་ཕྱོགས་ཡོངས་ནས་འགོ་རྩོམ་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་10ཉིན་གསར་འགོད་པས་སློབ་གསོ་པུའུ་ཡིས་ལན་ཀྲོའུ་རུ་འཚོགས་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱལ་ཡོངས་ཀྱི་སློབ་ཁུངས་ས་ཆའི་སློབ་ཡོན་རོགས་དངུལ་བུན་གཏོང་ལས་དོན་དེ་ཟླ་7པའི་ཚེས་15ཉིན་ཕྱོགས་ཡོངས་ནས་འགོ་རྩོམ་རྒྱུ་ཡིན་པ་དང་། སློབ་ཡོན་རོགས་དངུལ་དགོས་མཁོ་ཅན་ལ་གང་ནུས་ཀྱིས་རོགས་དངུལ་བུན་གཏོང་བྱེད་པར་ཁག་ཐེག་བྱེད་རྒྱུ་རེད།

མིག་སྔར་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་གཏོང་ཡུལ་གཙོ་བོ་རིགས་གཉིས་ཡོད་དེ། རིགས་གཅིག་ནི་སློབ་ཁུངས་ས་ཆའི་སློབ་རོགས་དངུལ་བུན་གཏོང་བ་དང་། རིགས་གཉིས་པ་ནི་སློབ་རའི་སློབ་རོགས་དངུལ་བུན་གཏོང་བ་གཉིས་ཡིན། དངུལ་བུན་གཏོང་བའི་ཚད་གཞི་ནི་དངོས་གཞི་སློབ་མ་རེ་ལ་ལོ་རེར་སྒོར་8000ལས་མི་བརྒལ་བ་དང་། ཞིབ་འཇུག་སློབ་མར་ལོ་རེར་སྒོར་12000ལས་མི་བརྒལ་བ་དེ་རེད། 

རྒྱལ་ཡོངས་སློབ་མའི་རོགས་དངུལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་ཁྲེན་ཤིས་ཡོན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ཁྱིམ་ཚང་གི་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་སློབ་མས་སློབ་ཞུགས་རོགས་སྐྱོར་དངུལ་བུན་སྙན་ཞུ་བྱེད་པར་སྔར་བས་སྟབས་བདེ་བསྐྲུན་ཆེད། ད་ལོའི་ཟླ་5པ་ནས་བཟུང་རྒྱལ་ཡོངས་ས་གནས་ཁག་གི་མཐོ་རིམ་སློབ་འབྲིང་སློབ་གྲྭ་རུ་སྔ་རྗེས་སུ་སློབ་ཁུངས་ས་ཆའི་སློབ་ཞུགས་རོགས་སྐྱོར་དངུལ་བུན་རེ་ཞུ་བྱེད་པའི་བྱ་བ་སྒྲུབ་པས། སློབ་མས་དངུལ་བུན་བསྐྱིས་སྐབས་ཀྱི་རྙོག་འཛིང་གི་གོ་རིམ་དང་དུས་ཚོད་ཇེ་ཉུང་དུ་བཏང་ཡོད་ཅིང་། འགྲིམ་འགྲུལ་སྟབས་བདེ་མིན་པའི་རི་ཁུལ་དང་འབྲོག་ཁུལ། དེ་བཞིན་དངུལ་བུན་བསྐྱིས་པའི་སློབ་མ་ཅུང་མང་བའི་རྫོང་དང་གྲོང་ཁྱེར(ས་ཁུལ)མི་ཉུང་བ་ཞིག་གིས་དངུལ་བུན་བསྐྱིས་པའི་ས་ཚིགས་ཤང་དང་གྲོང་རྡལ་དུ་བཙུགས་ནས་སློབ་ཡོན་དངུལ་བུན་གཏོང་ལེན་ས་ཚིགས་སློབ་མའི་ཁྱིམ་གྱི་སྒོ་ཁར་སྤོས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།