ཉག་ཆུའི་གྲུ་ཁ་ནས་འཕེལ་ཁ་དར་བའི་ཉག་ཆུ་རྫོང་།

 སྔོན་འགྲོའི་གཏམ།

ལོ་ངོ་སྟོང་གི་རིང་ལ་འབབ་རྒྱུད་རིང་བའི་ཉག་ཆུའི་གྲུ་ཁ་རུ་ཆགས་པའི་ཉག་ཆུ་ཁའི་གྲོང་ཁྱེར་ནི་ཕྱོགས་བཞིར་བསྐོར་བའི་རི་ཕྲེང་གི་སྙིང་སྟོབས་བཅངས་ནས་ཉག་ཆུའི་རླབས་ཕྲེང་འཕྱུར་བ་ནང་བཞིན་འཕེལ་ཁ་དར་བའི་ཕྱོགས་སུ་བསྐྱོད།  སི་ཁྲོན་ནས་བོད་དུ་ཕྱིན་སའི་ཐར་ལམ་གཙོ་བོའི་ཚོང་འདྲེན་གདལ་ལམ་དུ་རྟའི་རྨིག་སྒྲ་ཡང་དུ་ཐོས་པ་འདྲ། ཆེས་ཡིད་དབང་འཕྲོག་པའི་མཛེས་ལྗོངས་ལམ་ཆེན་དུ་ལྡེམ་ལྡེམ་འཁྱུག་འཁྱུག་གིས་གྲུ་ཐོག་འགྲོ་བཞིན་པའི་རྨི་ལམ་རྨིས། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་རུ་ཀྲུང་ཨུའི་ཚོང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ལ་ཕྱིར་དྲན་བྱས་ཏེ་མཐོ་སྒང་གི་བསམ་འདུན་བཅངས། བརྗིད་ཆགས་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་ཟིན་ཐོ་བཀླགས་ནས་ཉག་ཆུ་ཁའི་དེང་གི་རྣམ་པར་བལྟས་ཏེ་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་ཟིན་ཐོ་བཀོད། ཆུ་བོའི་འགྲམ་ངོགས་སུ་ཐོག་བརྩེགས་བསྐྲུན་ནས་དམངས་ལ་ཕན་བདེ་བསྐྲུན། ཐོན་ལས་ཀྱི་ལྡུམ་ཁུལ་བསྐྲུན་ནས་དབུལ་ཐར་གྱི་འཁྱམས་རིང་བཙུགས། མཁའ་ནས་འདྲེན་པའི་གཞུ་དབྱིབས་ཟམ་ཆེན་ལ་ལྟ་ཞོར་ཡང་དུ་ཆུ་རྒྱུན་རིང་མོར་མཐོང་། ཡུལ་སྐོར་དར་རྒྱས་བྱུང་ནས་སྤྲོ་ཉམས་ཁེངས་པའི་འགྲུལ་པ་གང་མང་སླེབས། དེ་ནས་ལྗང་བུ་དང་འབྲས་ཤིང་གི་དྲི་བཟང་ཁྲོད་དུ་རྟ་ནོར་ལུག་གསུམ་གྱི་འཕེལ་ཁ་དར་། ཐོན་ལས་དར་ནས་ལས་ཞུགས་བྱེད་པ་དང་ཐུན་མོང་དུ་འཕེལ་རྒྱས་ཀྱི་ཐབས་ཇུས་འདོན། ཆར་པ་ཆུ་གྲོགས་བྱས་ཏེ་ལས་ལམ་གསར་གཏོད་བྱེད། རྒྱུན་མཐུད་དུ་འཕེལ་རྒྱས་ཀྱི་ཐབས་ཇུས་འདོན་ཞིང་ཚན་རིག་དང་མཐུན་པའི་ཐུན་མིན་གྱི་ཁྱད་ཆོས་ལྡན། བཅོས་བསྒྱུས་སྒོ་འབྱེད་ཀྱི་ནུས་ཤུགས་ལ་བརྟེན་ཏེ་ལོ་ངོ་སྟོང་གི་ཉག་ཆུའི་མཆོར་ཉམས་མངོན།མཁས་མཛངས་ལྡན་པའི་བཟོ་བཀོད་ལ་མྱོང་རོལ་བྱེད། ཕྱོགས་བཞིར་རི་ཕྲེང་བསྐོར་བའི་ཉག་ཆུ་ཁར་དཔྱིད་ཀྱི་དཔལ་ཡོན་རྒྱས་པ་ནང་བཞིན་འབྱུང་འགྱུར་འཕེལ་ཁ་དར་བའི་རེ་བས་ཁེངས།

2018122910260931314.jpg

ཉག་ཆུའི་ངོགས་སུ་བསྐྲུན་པའི་ཐོག་བརྩེགས་ཁང་ཆེན།

ཉག་ཆུའི་རྦབ་རླབས་ལང་ལོང་དུ་འཕྱུར་ཏེ་གྲོང་ཁྱེར་བརྒྱུད་ནས་ཕྱིར་ཐོན་བཞིན་པ་རེད། ཉག་ཆུ་རྫོང་གི་གྲོང་ཁུལ་རྙིང་པ་དང་རྫོང་གི་གྲོང་ཁུལ་ཤར་རྒྱུད་ཀྱི་གྲོང་ཁུལ་ཆུང་གྲས་དེ་ཆུ་བོའི་ངོགས་གཉིས་ལ་ཆགས་ཤིང་།ནུབ་ངོགས་སུ་ཆུ་བོའི་འབབ་རྒྱུད་ཀྱི་གཞུང་ལམ་དང་ཉག་ཆུ་གཉིས་ཕན་ཚུན་རྟེན་རེས་བྱས་ཏེ་གྲུབ། ཆུ་བོའི་འབབ་རྒྱུད་ཀྱི་གཞུང་ལམ་ཡན་ལ་སྲོལ་རྒྱུན་གྱི་བོད་ཁང་དང་། དེང་རབས་ཀྱི་གྲལ་སྟར་འགྲིག་པའི་བཟོ་སྐྲུན་དག་རྒྱབ་རྟེན་རི་བོ་བྱས་ཏེ་བསྐྲུན་ཡོད་པ་རེད། ཆུ་བོའི་ཤར་ངོགས་སུ་གྲལ་སྟར་འགྲིག་པའི་སྡོད་ཁང་གིས་ཡུལ་མི་ཚོའི་མིག་དབང་འཕྲོག་བཞིན་མཆིས།

རྫོང་གི་གྲོང་ཁུལ་དུ་སླེབས་སྐབས་ཚོན་མདོག་རྣམ་པ་བཀྲ་བའི་འབུར་རྐོས་རོ་མོ་དང་ཀྲུང་གོའི་བེ་ཤའི་ཕ་ས་ཉག་ཆུ་ཡིས་ཁྱེད་རང་བསུ་མ་བྱེད་ཅེས་པའི་སྒོ་བྱང་ཆེན་པོ་རུ་སྤྲོ་སེམས་རབ་ཏུ་འཁོལ་ནས་ཕྱོགས་བཞི་ནས་འོངས་པའི་གྲོགས་པོ་བསུ་མ་བྱེད་པ་མཚོན་བཞིན། གཙང་དག་གི་ཁྲོམ་ལམ་དང་ཡངས་པའི་ཐང་ཆེན། ཚོང་ཁང་སྣ་མང་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྲོལ་མིག་ལམ་དུ་མངོན་བཞིན་པ་རེད།

ལྟོས་དང་ང་ཚོའི་མི་ཉག་ཐང་ཆེན་གྱི་ཐོག་བརྩེགས31ཅན་གྱི་ཁང་ཆེན་དེའི་མཐོ་ཚད་སྨི100ཙམ་ཡོད་པ་རེད་ཅེས་ཉག་ཆུ་རྫོང་གི་གྲོང་ཁྱེར་དང་གྲོང་གསེབ་སྡོད་ཁང་འཆར་འགོད་ཅུས་ལ་ལས་དོན་སྒྲུབ་བཞིན་པའི་དབྱང་ཅན་ཝེ་ཡིས་གྲོང་ཁྱེར་གྱི་ཆེས་ཆེ་བའི་བཟོ་བཀོད་སྐོར་གླེང་སྐབས་དེ་ལྟར་ངོ་སྤྲོད་བྱས།

ཐོག་བརྩེགས་བསྐྲུན་པ་དེས་ཉག་ཆུ་ཁའི་གྲོང་ཁྱེར་འཕེལ་རྒྱས་ཡོང་བར་སྣེ་ཁྲིད་བྱས་ཤིང་། མི་ཉག་ཐང་ཆེན་ཕྱོགས་ཡོད་པའི་ཁང་ཆེན་དེ་ཉག་ཆུ་ཁའི་མཛེས་རྒྱན་དུ་གྱུར་པ་དང་།ཉག་ཆུ་ཁའི་ཆུ་བོའི་འབབ་རྒྱུད་ཀྱི་གཞུང་ལམ་དེ་མཛེས་མས་སྨད་གཡོག་མཛེས་མོ་ཞིག་གྱོན་པ་འདྲ།རི་རྒྱབ་ཀྱི་རྐང་ཐང་འགྲོ་ལམ་དེས་ཉག་ཆུ་ཁར་མཛེས་མས་སྐེ་དཀྲིས་མཛེས་མོ་ཞིག་དཀྲིས་པའི་རིགས་སུ་མཐུན། མཇུག་མཁར་ཡོད་པའི་ཆུ་འགྲམ་གཞུང་ལམ་དེ་ཉག་ཆུ་ཁའི་སྐེད་རག་ཞིག་དང་ཀུན་ནས་མཚུངས།

ལོ40ཡི་སྔོན་དུ་ཉག་ཆུ་རྫོང་ཧྲིལ་པོར་ཁྲོམ་ལམ་གཉིས་ལས་མེད།དེའི་ནང་ཁྲོམ་ལམ་གཅིག་ད་དུང་རྒྱལ་སྲུང་གཞུང་ལམ318པའི་ཐར་ལམ་ཡིན་པས་དངོས་གནས་བཤད་ན་ཁྲོམ་ལམ་གཅིག་ལས་མེད་པ་རེད། གྲོང་ཁྱེར་ཕལ་ཆེར་རྡོ་དང་སོ་ཕག་ལས་གྲུབ་པའི་སྡོད་ཁང་ཡིན་པ་དང་། ཁང་བརྩེགས་གསུམ་བཞི་ཅན་གྱི་ཐོག་ཁང་རེ་གཉིས་ལས་མེད་ཅེས་པའི་སྐད་ཆ་དེ་དབྱང་ཅན་ཝེ་ཡིས་སྔོན་མའི་ཉག་ཆུ་ཁའི་གནས་ཚུལ་གླེང་སྐབས་དེ་ལྟར་བཤད་པ་རེད།

རི་མཐོ་གཡར་གཟར་དང་ཐང་ཞིང་ཉུང་བ་ནི་ཉག་ཆུ་རྫོང་དུ་འཕེལ་རྒྱས་ཀྱི་ཚོད་འཛིན་ཐེབས་རྐྱེན་གཙོ་བོ་ཡིན་པ་རེད།

གཡང་གཟར་བྲག་རི་སྟེང་ལ་གང་ལྟར་བྱས་ཏེ་ཚད་ཡོད་ཀྱི་ས་གཞི་སྟེང་གྲོང་ཁུལ་ཆེན་པོ་འདི་འདྲ་ཞིག་བསྐྲུན་ཐུབ་པའི་སྐོར་ཉག་ཆུ་རྫོང་གི་གྲོང་ཁྱེར་དང་གྲོང་གསེབ་སྡོད་ཁང་འཆར་འགོད་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཅི་ཧྭ་ཡིས་ངོ་སྤྲོད་བྱས་དོན། 1985ལོར་ཉག་ཆུ་རྫོང་གིས་གྲོང་ཁྱེར་འཛུགས་སྐྲུན་ཐད་འཆར་འགོད་ཐེངས་དང་པོ་བྱས་ཤིང་། རྫོང་གི་གྲོང་ཁུལ་གྱི་ནུབ་རྒྱུད་ས་ཁུལ་བསྒྱུར་བཀོད་དང་གྲོང་ཁུལ་ཤར་རྒྱུད་ཀྱི་སྡེ་ཁུལ་ཆུང་ཆུང་གསར་འཛུགས་བྱེད་པའི་འཆར་འགོད་དམ་འཛིན་བྱས་པ་དང་།1997ལོར་འཐུང་ཆུའི་བསྒྱུར་བཀོད་དང2000ལོར་གྲོང་ཁུལ་གྱི་གཞུང་ལམ་བསྒྱུར་བཀོད་བྱས། 2004ལོར་རྐང་ཐང་འགྲོ་ལམ་གསར་སྦོལ་དང2005ལོར་བཙོག་ཆུ་དབྱེ་འབྱེད། 2008ལོར་རྫོང་གི་གྲོང་ཁུལ་ཤར་རྒྱུད་ཀྱི་སྡེ་ཁུལ་ཆུང་ཆུང་གསར་སྦོལ་དང2013ལོར་མི་ཉག་ཐང་ཆེན་གསར་སྦོལ་བྱས། 2015ལོར་རི་རྒྱབ་ཏུ་རྐང་ལམ་ཕྲ་མོ་གསར་བསྐྲུན་དང2016ལོར་ཆུ་འགྲམ་གཞུང་ལམ་གསར་སྐྲུན་བྱས།2017ལོར་ཁྲོམ་ལམ་བསྒྱུར་བཀོད་དང2018ལོར་ཉིན་རེར་བཙོག་ཆུ་ཏུན1500གཙང་སེར་བྱེད་སའི་བཟོ་གྲྭ་བསྐྲུན།ལོ་མང་རིང་འཆར་འགོད་ལེགས་པོ་དང་འཛུགས་སྐྲུན་རྒྱ་སྐྱེད་བཏང་བར་བརྒྱུད། སྔོན་མར་སྤྱི་ལེ་གྲུ་བཞི་མ0.24མ་གཏོགས་མེད་པའི་རྫོང་གི་གྲོང་ཁུལ་དེ་ད་ལྟར་གཞི་ཁྱོན་སྤྱི་ལེ་གྲུ་བཞི་མ0.48ཀྱི་ཐོག་རྒྱ་སྐྱེད་བྱུང་ནས་གྲོང་ཁྱེར་གྱི་གཞི་ཁྱོན་ལྡབ་འགྱུར་འཕར་བར་མ་ཟད་གྲོང་ཁྱེར་གྱི་བྱེད་ནུས་ལེགས་སུ་བཏང་ཡོད། དེང་སང་ཉག་ཆུ་ངོགས་གཉིས་ལ་གསར་དུ་བསྐྲུན་པའི་གྲོང་ཁུལ་ཆགས་ནས་མིང་དོན་མཚུངས་པའི་ཁམས་པའི་རི་གྲོང་ཆུང་ཆུང་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད་པ་རེད།

2018122910263110037.jpg

རྫོང་གི་གྲོང་ཁུལ་རྙིང་པ་རྒྱ་སྐྱེད་གཏོང་བའི་དམིགས་ཡུལ་མངོན་འགྱུར་བྱུང་ཡང་སྔར་བཞིན་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་མི་ཐུབ་པ་རེད།ཉག་ཆུ་རྫོང་གི་ས་གཤིས་ཆ་རྐྱེན་ལ་གཞིགས་ནས། རྫོང་དེས་གྲོང་ཁྱེར་གྱི་བྱེད་ནུས་རྒྱ་སྐྱེད་གཏོང་ཞིང་མགར་ར་ཤང་གི་གྲོང་སྡེ་བཞི་ལ་བྱེད་ནུས་ཞབས་ཞུ་ས་ཁུལ་བསྐྲུན་པ་དང་། མཁར་རིང་པོ་ཤང་གི་རི་རྒྱུད་གྲོང་སྡེ་རུ་ཐོན་ལས་དང་གྲོང་ཁྱེར་གྱི་ཕྱོགས་བསྡུས་ཡུལ་སྐོར་རྒྱ་སྐྱེད་གཏོང་བའི་གྲོང་ཁུལ་གྱི་རྣམ་པ་གྲུབ་རྗེས་རྫོང་གི་གྲོང་ཁུལ་གྱི་གཞི་ཁྱོན་སྤྱི་ལེ་གྲུ་བཞི་མ5.74ལ་ཟིན་ཐུབ་རྒྱུ་རེད། ད་ལྟར་མགར་ར་ཤང་གི་བྱེད་ནུས་ཞབས་ཞུ་ས་ཁུལ་དང་རི་རྒྱུད་གྲོང་སྡེའི་ཐོན་ལས་དང་གྲོང་ཁྱེར་གྱི་ཕྱོགས་བསྡུས་འཛུགས་སྐྲུན་ལས་ཀ་ཚ་ཚ་འུར་འུར་ངང་ལས་བཞིན་པ།འབྱུང་འགྱུར་དུ་ཉག་ཆུ་གྲོང་ཁྱེར་གྱི་འཛུགས་སྐྲུན་ལས་ཀ་རིམ་སྤར་ཡག་པོ་ཡོང་ཐུབ་རྒྱུ་རེད།

ཉག་ཆུ་ཁའི་འགྱུར་ལྡོག་ནི་གྲངས་ཀ་ཙམ་ཞིག་མིན་ལ་དོན་དངོས་སུ་མྱོང་ཚོར་ཟབ་མོ་ཐེབས་ཐུབ་མཁན་ནི་ཉག་ཆུ་རྫོང་གི་མི་སེར་ཚོ་ཡིན། སྤྱི་ཟླ11པའི་ཚེས25ཉིན་གྱི་དགོང་མོར།མི་ཉག་ཐང་ཆེན་དུ་རོལ་དབྱངས་ཀྱི་ཁྲོད་དུ་དགའ་བའི་ཞབས་བྲོ་འཁྲབ་བཞིན་འདུག   ཉག་ཆུ་རྫོང་གི་ཆུ་བོའི་འབབ་རྒྱུད་དུ་རྫོང་གི་གྲོང་ཁུལ་གྱི་མང་ཚོགས་ཚོ་དང་ཚོ་བྱས་ཏེ་འཆམ་འཆམ་དུ་འགྲོ་བཞིན་རྫོང་གི་གྲོང་ཁུལ་གྱི་འགྱུར་ལྡོག་བཤད་ནས་དགའ་སྤྲོ་རབ་ཏུ་ཁེངས་བཞིན་པ་དང་། ལ་རྒྱབ་ཀྱི་རྐང་ལམ་ཕྲ་མོ་རུ་ན་གཞོན་འགའ་གོམ་སྟབས་མགྱོགས་པའི་ངང་འགྲོ་རྩལ་འགྲན་བསྡུར་བྱེད་བཞིན་གདའ།

རྫོང་གི་གྲོང་ཁུལ་གྱི་ཡུལ་མི་ཚོས་དགའ་སྤྲོས་ཁེངས་ནས་སྔོན་མར་ང་ཚོར་བྱེད་སྒོ་ས་སྤེལ་ས་ཞིག་ཀྱང་མེད། ད་ལྟར་ཡིན་ན་སྐོར་བྲོ་འཁྲབ་ས་ནི་མི་ཉག་ཐང་ཆེན་ཡོད་པ་དང་། རྐང་ཐང་དུ་འཆམ་འཆམ་འགྲོ་ས་དང་ལུས་པོར་སྦྱོང་བརྡར་བྱེད་ས་ནི་ཆུ་ཁ་དང་ལ་སྐེད་ཀྱི་རྐང་ལམ་ཕྲ་མོ་ཡོད་ཅེས་བཤད།

ཉག་ཆུ་ཁ་ནི་ལོ་ངོ་སྟོང་གི་སྐད་གྲགས་ལྡན་པའི་འཇུག་ངོགས་ཡིན། ད་ལྟའི་ཉག་ཆུ་ཁ་དེ་དུས་རབས་གསར་པའི་འཇུག་ངོགས་སུ་གནས་ཡོད་པས། འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོའི་ཁྲོད་གཡང་གཟར་བྲག་རིའི་ཁྲོད་དུ་གནས་པའི་ཆུ་རྒྱུད་ཀྱི་རྫོང་གི་གྲོང་ཁུལ་ལ་འཕེལ་རྒྱས་ཀྱི་ལམ་བུ་ཁྲོད་མུ་མཐུད་དེ་འོད་སྟོང་འབར་བའི་འགྱུར་ལྡོག་གསར་པ་ཡོང་ཐུབ་ངེས་རེད།

 བུ་ཕྲུག་མགྲོན་ཁང་གི་བདག་པོས་རྗེས་དྲན་བྱས་པའི་འདས་དོན།

སྤྱི་ཟླ11པའི་ཚེས25ཉིན་གྱི་ཕྱི་དྲོའི་ཆུ་ཚོད3ཕྱེད་ལ་འཐོབ་དཀའ་བའི་དགུན་ཁའི་ཉི་མ་དྲོན་པོ་དང་འཁེལ། ཉག་ཆུ་རྫོང་སྤྱང་ཀི་གྲོང་སྡེའི་བུ་ཕྲུག་མགྲོན་ཁང་ནང་སྤྲོ་སྐྱིད་ཀྱི་རྣམ་པས་ཁེངས་པ་རེད།

བུ་ཕྲུག་མགྲོན་ཁང་ནི་རྒྱལ་སྲུང་གཞུང་ལམ318པ་བརྒྱུད་ཡུལ་དུ་ཆགས་པའི་མཛེས་ལྗོངས་ཤིག་ཡིན་ལ། ལོ་ན49ལ་སོན་པའི་མགྲོན་ཁང་གི་བདག་པོ་བུ་ཕྲུག་ལའང་ངོ་མཚར་བའི་འདས་དོན་ཞིག་ཡོད་པ་རེད།

བུ་ཕྲུག་གིས་གསར་འགོད་པར་ལོ་ངོ40འི་སྔོན་ང་རང་ལོ་ན9ཙམ་ལས་མེད་ཅིང་། དེའི་དུས་ཁོ་ཚོའི་གྲོང་སྡེ་ལ་ལུང་སྟོང་རེད་ཟེར་ན་ཆོག་གིན་རེད། སྡོད་སའི་བོད་ཁང་གོག་ཧྲུལ་ཡིན་ལ་ཁྱིམ་ཚང་ཧ་ཅང་དབུལ་པོ་ཡིན་ཞིང་། ས་ཞིང་ནང་ནས་དང་ཞོག་ཁོག་བཏབ་ནས་ཕོ་བ་རྒྱག་ཐབས་དང་། ཡོང་འབབ་གཙོ་བོ་ནི་དབྱར་རྩྭ་དགུན་འབུ་བརྐོས་ནས་རག་ཐབས་བྱ་དགོས་ལེ་རེད།

ནས་འདེབས་འཛུགས་དང་ཕྱུགས་ཟོག་གསོ་ཚགས།  བེ་ཤ་འཐུ་བ། དབྱར་རྩྭ་དགུན་འབུ་རྐོ་བ་བཅས་བྱས་ཏེ་ཕོ་བ་རྒྱག་ཐབས་བྱེད་པའི་སྐབས་དེར་བུ་ཕྲུག་གིས་མགྲོན་ཁང་འཛུགས་གཉེར་བྱ་རྒྱུ་ནི་དྲན་ཡང་ག་ལ་མྱོང་། ཅི་ཕྱིར་ན་དེའི་དུས་ཀྱི་ཆ་རྐྱེན་ཡང་ཧ་ཅང་ཞན་པས་རེད།

རྒྱལ་སྲུང་གཞུང་ལམ318པ་བུ་ཕྲུག་ཚང་གི་སྒོ་ཁར་བརྒྱུད་ཡོད་པ་དེ་ནི་ཁོ་དང་ལས་དབང་གིས་འབྲེལ་བ་དམ་པོ་ཞིག་ཡོད་པ་རེད། དུས་རབས་ཉེ་གཅིག་པར་སླེབས་དུས་རྐང་འཁོར་བཞོན་ནས་ཡུལ་སྐོར་འགྲོ་སྲོལ་དར་རྒྱས་བྱུང་བ་དང་། རྒྱལ་སྲུང་གཞུང་ལམ318པ་ནི་ཡུལ་སྐོར་གྱི་ལམ་ཐིག་གཙོ་བོ་ཞིག་ཏུ་གྱུར་ཡོད།   དེའི་དུས་སུ་མགྲོན་ཁང་ཧ་ཅང་ཉུང་བ། རྐང་འཁོར་བཞོན་མཁན་ཚོ་གང་ལ་མིན་རུབ་དུས་གང་ལ་ངལ་གསོ་བྱས་པ་རེད།   རྐང་འཁོར་བཞོན་མཁན་ཕལ་ཆེ་གྲོང་སྡེའི་ནང་སླེབས་དུས་བུ་ཕྲུག་ཚང་ལ་གནས་ཚང་གཡར་བ།  བུ་ཕྲུག་གིས་ཀྱང་རིན་པར་མི་དགོས་པར་ཁོ་ཚོར་ཟ་ས་དང་སྡོད་ས་མཁོ་འདོན་བྱས། བུ་ཕྲུག་ཚང་གི་ཐོག་བརྩེགས་གསུམ་ཅན་གྱི་རྡོ་རྩིག་ཁང་པའི་མདུན་དུ་སྤང་དྲ་རེ་ཞིག་ཡོད་ཅིང་། ཐོག་བརྩེགས་དང་པོ་ནི་ཕྱུགས་ཟོག་འཚུད་ས་ཡིན་པ་དང་། ཐོག་བརྩེགས་གསུམ་པ་ནི་གཟན་རྩྭ་དང་ཟས་རིགས་གསོག་ཉར་བྱེད་ས། ཐོག་བརྩེགས་གཉིས་པ་ནི་མིའི་སྡོད་ཁང་དང་ཟ་ཁང་ཡིན་པ་རེད།

2018122910271939536.jpg

རྐང་འཁོར་འགྲུལ་པ་ཚོས་ཁོ་ལ་མགྲོན་ཁང་ཞིག་བཙུགས་ཏེ་འགྲུལ་པ་སྣེ་ལེན་བྱས་ནས་ཡོང་འབབ་བཙལ་ཆོག་པའི་ཁ་ཏ་བསླབ་བྱ་བྱས་མཐར། བུ་ཕྲུག་ལ་དྲན་སྐུལ་ཟབ་མོ་བྱས་པ་རེད།

དེ་ནས2007ལོར་བུ་ཕྲུག་དང་བུ་མོ་གསུམ་གྱི་མིང་གཅིག་ཏུ་བསྡུས་ནས་སྒོ་བྱང་བཏགས་པའི་མགྲོན་ཁང་སྟེ། བུ་ཕྲུག་དང་བུ་མོ་སྤུན་གསུམ་ཞེས་པའི་མགྲོན་ཁང་ཚོང་གཉེར་བྱེད་འགོ་བཙུགས་ཡོད།   བུ་ཕྲུག་གིས་ཐོག་བརྩེགས་དང་པོ་དང་གསུམ་པ་ཡང་མགྲོན་ཁང་དུ་བཟོ་བཅོས་བྱས་ནས་ཉལ་ཁྲི50ཙམ་སྒྲིག་སྦྱོར་བྱས་ཡོད་པ་རེད།

2010ལོར་རྐང་འཁོར་འགྲུལ་པ་ཕེང་ལིན་ཡུན་གྱིས་ལོ་ན10ལ་སོན་པའི་བུ་ཁྲིད་ནས་ཁྲོན་བོད་ལམ་ཐིག་ཐོག་རྐང་འཁོར་བཞོན་ནས་ཡུལ་སྐོར་བྱེད་དུ་འགྲོ་སྐབས།   ཁོ་ཡིས་མྱོང་ཚོར་དེ་ལ་བརྟེན་ནས《ཐག་རིང་ས་ལ་འཚར་ལོངས་བྱུང》ཞེས་པའི་དཔེ་ཆ་ཞིག་བྲིས་ཏེ་བུ་ཕྲུག་གི་མགྲོན་ཁང་མིང་གྲགས་ཡོངས་སུ་ཁྱབ་ཡོད་པར་བརྟེན།  དེའི་རྗེས་བུ་ཕྲུག་ཚོའི་མགྲོན་ཁང་ནི་རྐང་འཁོར་བ་ཚོའི་མགྲོན་ཁང་བདམ་ག་བྱེད་ས་ཨང་དང་པོ་གྱུར་ཡོད་པ་རེད།

2013ལོར་བུ་ཕྲུག་གིས་མ་དངུལ་སྒོར་ཁྲི50བཏང་སྟེ་རྡོ་ཁང་གི་འགྲམ་དུ་ཐོག་བརྩེགས་གཉིས་ཅན་གྱི་སྡོད་ཁང་གསར་པ་ཞིག་བསྐྲུན་ནས་ཚད་གཞི་ལྡན་པའི་ཉལ་ཁང15བསྣན་ཡོད།  སྒོ་ཁའི་སྤང་ཐང་ཡང་རྒྱལ་ར་ལ་བསྒྱུར་ནས་རྐང་འཁོར་དང་འཕྲུལ་རྟ།  རླངས་འཁོར་བཅས་འཇོག་ས་བྱས་པ་རེད།

དང་ཐོག་མགྲོན་ཁང་དུ་སྡོད་ས་ཡོང་མཁན་ཉིན་གཅིག་ལ་ཉི་ཤུ་སུམ་བཅུ་ཙམ་ལ་མེད་ཅིང་། མི་རེར་སྒོར་ཉི་ཤུ་རེ་བསྡུས་ཏེ་ཟ་ས་དང་སྡོད་ས་མཁོ་འདོན་བྱས་ཏེ་ཐོབ་པའི་ཁེ་སྤོགས་མང་པོ་མེད་མོད། ཡིན་ན་ཡང་ཁོའི་ལྷག་བསམ་དག་པོས་འགྲུལ་པ་ཚོར་འཚོ་བཅུད་ལྡན་པའི་ཟ་མ་འདོན་སྤྲོད་བྱ་རྒྱུ་དང་དགོང་མོར་ངལ་གསོ་ཡག་པོ་ཞིག་འདོན་སྤྲོད་བྱ་རྒྱུའི་བསམ་པ་བཅངས་པར་བརྟེན།   ད་ལྟར་ཟོག་གོང་འཕར་ཡོད་མོད།  བུ་ཕྲུག་མགྲོན་ཁང་ནང་གསང་སྤྱོད་ཁང་ཡོད་པའི་སྡོད་ཁང་རེའི་ཉིན་གཅིག་ལ་སྒོར70དང་གསང་སྤྱོད་ཁང་མེད་པའི་སྡོད་ཁང་རེར་ཉིན་གཅིག་ལ་སྒོར50ཡང་མི་དགོས་པ་དང་ཟ་ས་དང་སྡོད་ས་ཡང་མཁོ་འདོན་བྱེད་བཞིན་ཡོད་པ་རེད།

རྐང་འཁོར་འགྲུལ་པ་ཡོད་ཚད་ཀྱིས་ཉག་ཆུ་རྫོང་སྤྱང་ཀི་གྲོང་སྡེར་བུ་ཕྲུག་གི་མགྲོན་ཁང་ཞིག་ཡོད་པ་དང་བུ་ཕྲུག་མགྲོན་ཁང་ནང་མཛེས་མ་སྤུན་མཆེད་གསུམ་ཡོད་པ་ཤེས་པ་རེད།  བུ་ཕྲུག་ཚང་གི་བུ་མོ་གསུམ་ནི་བུ་ཕྲུག་གི་ཡིད་སྨོན་བྱེད་ས་ཡིན། ད་ལྟ་ཁོ་ཚོའི་བུ་མོ་ཆེ་བ་བསྟན་འཛིན་ཆོས་སྒྲོན་ནི་གསེར་རྟ་རྫོང་གི་གཞུང་ཞབས་པ་ཞིག་ཡིན།  བུ་མོ་འབྲིང་བ་བྱང་ཆུབ་ཆོས་སྒྲིན་ནི་ཉག་ཆུ་རྫོང་སྡེ་ཚྭ་ཤང་གི་དགེ་རྒན་ཞིག་ཡིན། བུ་མོ་ཆུང་བ་དགེ་ལེགས་མཚོ་མོ་ནི་སློབ་ཆེན་ནས་མཐའ་ཕྱིན་ཏེ་ལས་ཀ་བཙལ་རྒྱུར་རེ་སྒུག་བྱས་ནས་ཡོད་པ་རེད།

བུ་ཕྲུག་གི་སྣེ་ཁྲིད་འོག་ད་ལྟ་སྤྱང་ཀི་གྲོང་སྡེའི་ནང་གི་དུད་ཚང30ལྷག་གི་ནང་དུད་ཚང20ཡིས་མགྲོན་ཁང་དང་ཟ་ཁང་བཙུགས་ཡོད།  བུ་ཕྲུག་མགྲོན་ཁང་གི་མགྲོན་ཁང་སྔར་བཞིན་ད་ལྟ་ཡང་ཉལ་ས་གཅིག་ལ་སྒོར50ནས་སྒོར70བར་ཡིན་པ་དང་ཟ་ས་དང་སྡོད་ས་མཁོ་འདོན་བྱེད་བཞིན་ཡོད་པ་རེད། བཅོས་བསྒྱུར་སྒོ་འབྱེད་བྱས་ཏེ་ཁོ་བོར་གོ་སྐབས་ཡག་པོ་ཁྱེར་ཡོང་ནས་ལོ་རེར་ཡོང་འབབ་སྒོར་ཁྲི20ཡས་མས་ཐོབ་ཐུབ་པ་རེད་ཅེས་བུ་ཕྲུག་མྱོང་ཚོ་ཟབ་མོ་ཡོད་པའི་སྒོ་ནས་དེ་ལྟར་བཤད་པ་རེད།

གསར་འགོད་པ་དང་ཁ་བྲལ་བྱེད་སྐབས་བུ་ཕྲུག་སྐྱེལ་ས་ཡོང་བ་རེད། ཉི་འོད་ཁོའི་རེ་བ་ཁེངས་པའི་གདོང་ལ་འཕྲོས། གསར་འགོད་པས་ཉི་འོད་ལ་བརྟེན་ནས་པར་ཆས་ཀྱིས་པར་ཞིག་བླངས་ནས་རྒྱལ་སྲུང་གཞུང་ལམ318པ་ཐོག་གི་དྲོ་སྐྱིད་ངང་དམིགས་གསལ་གྱི་ཕྱི་དྲན་ཞིག་བཞག་པ་ཡིན།།

2018122910273554698.jpg

བེ་ཤ་ཞིམ་པོས་ནོར་གྱི་ནོར་གཡང་འགུགས།

ང་ཚོས་བེ་ཤ་ནི་དངོས་པོ་ཡག་པོ་ཞིག་ཡིན་པ་སྔར་ནས་ཤེས་ཀྱི་ཡོད། ང་རང་ལོ་བརྒྱད་ཙམ་ནས་བེ་ཤ་འཐུ་སར་འགྲོ་བ་ཡིན། སྐབས་དེར་བར་འཚོང་རྒྱག་མཁན་ཚོས་ང་ཚོའི་ལག་ནས་བེ་ཤ་ཉོས་ཏེ་ཁེ་ཆེན་པོ་རག་གི་ཡོད། དུས་ཚིགས་གཅིག་ལ་དཀའ་ལས་བརྒྱབ་ཀྱང་སྒོར་མོ་མང་པོ་མི་རག་པ་རེད། ད་ལྟ་འདྲ་ལེ་མ་རེད། རྫོང་གིས་ཁེ་ལས་དང་རྟེན་གཞི། མཉམ་ལས་ཁང་། ཞིང་པ་བཅས་མཉམ་ལས་བྱེད་པའི་བྱེད་ཐབས་སྤྱད་པ་རེད། ང་ཚོས་བཏུས་པའི་བེ་ཤ་ཐད་ཀར་སྤྱི་གཉེར་ཁང་ལ་བཙོང་ཆོག་རེད། རིན་གོང་དྲང་མོ་དྲང་གཞག་རེད། ང་དང་བུ་མོ་གཉིས་ཀ་ད་དུང་སྤྱི་གཉེར་ཁང་དུ་གླ་རྒྱག་གི་ཡོད། ཟླ་རེར་མི་རེར་སྒོར3000ཡི་གླ་ཕོགས་ཡོད་རེད། བེ་ཤས་ང་ཚོའི་དངུལ་ཁུག་བཀང་སོང་། བེ་ཤ་ཡོད་པས་ང་ཚོ་ནི་ངོ་མ་བསོད་བདེ་ཅན་ཏག་ཏག་རེད་ཅེས་པ་ནི་ད་ལོ་ལོ51སོན་པའི་མཁར་རིང་པོ་ཡུལ་ཚོ་ཕག་མོ་གླིང་གྲོང་སྡེའི་གྲོང་པ་སྒྲོལ་དཀར་གྱིས་བཤད་པའི་སྐད་ཆ་རེད། 

ཉག་ཆུ་རྫོང་གི་མཚོ་འཕགས་ཆ་སྙོམས་སྨི3500ཡིན་ཞིང་ཐུན་མིན་གྱི་ས་གཤིས་དང་གནམ་གཤིས་ལ་བརྟེན་ནས་ཀྲུང་གོའི་སྤུས་ལེགས་བེ་ཤ་ཐོན་ཁུངས་ཆེ་ཤོས་སུ་གྱུར། ཉག་ཆུ་རྫོང་ཞིང་འབྲོག་དང་ཚན་རྩལ་ཅུས་ཀྱི་ཅུས་ཀྲང་ལིའུ་ཏི་ཝ་ཡིས་རྒྱལ་ཡོངས་ཀྱི་བེ་ཤ་ཐོན་ཚད་ནི་ཏུན4500ཡིན་ཞིང་དེའི་ནང་དཀར་མཛེས་ཁུལ་ཐོན་ཚད་ཏུན3000ཡིན་ལ། ཉག་ཆུ་ཁའི་བེ་ཤའི་ཐོན་ཚད་ནི་ཁུལ་ཡོངས་ཀྱི་སུམ་ཆ་གཅིག་ཡིན་པས། ཀྲུང་གོའི་བེ་ཤ་ཐོན་ཚད་ཆེས་མང་བའི་རྫོང་ཞིག་ཡིན་པ་རེད་ཅེས་ངོ་སྤྲོད་བྱས་པ་རེད། 

2001ལོའི་ཟླ་བ10པའི་ཚེས21ཉིན་ཧྲང་ཧེ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་དགའ་བསུ་གསོལ་འདྲེན་གྲོས་ཚོགས་དང་། 2008ལོའི་ཟླ་བ8པའི་ཚེས8ཉིན་པེ་ཅིན་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ། 2015ལོའི་ཟླ་བ9པའི་ཚེས3ཉིན་རི་འགོག་དམག་འཁྲུག་ལས་རྒྱལ་ཁ་ཐོབ་ནས་ལོ70འཁོར་བའི་དམག་གཟིགས་མཛད་སྒོ་བཅས་རྒྱལ་ཁབ་ཀྱི་གསོལ་འདྲེན་དུ་ཉག་ཆུ་ཁའི་བེ་ཤ་མཐོང་རྒྱུ་ཡོད་ཅིང་འཛམ་གླིང་མིའི་མིག་གི་དགའ་སྟོན་དུ་གྱུར། 2013ལོའི་ཟླ་བ8པའི་ཚེས3ཉིན། ཉག་ཆུ་རྫོང་ལ་ཀྲུང་གོའི་བཟའ་བཅའ་ཤ་མོ་མཐུན་ཚོགས་ཀྱིས་ཀྲུང་གོའི་བེ་ཤ་འབྱུང་ཡུལ་ཞེས་པའི་མཚན་སྙན་གནང་བ་རེད། 

ཁྱད་འཕགས་ཀྱི་ཐོན་ཁུངས་ལ་དམིགས་ནས་ཉག་ཆུ་རྫོང་གིས་བེ་ཤའི་ས་གཤིས་གོ་རྟགས་གསར་དུ་བསྐྲུན་ཞིང་བོད་ཁུལ་དུ་སྐད་གྲགས་ཅན་གྱི་བཟའ་བཅའ་ཤ་མོ་ཐོན་ལས་རྫོང་ཆེན་བསྐྲུན་ནས་རི་ཀླུང་གི་གསེང་དུ་ཡིབ་པའི་རི་སྐྱེས་རྩ་ཆེན་འཛམ་གླིང་ལ་ཁྱབ་པར་བྱེད་ཆེད་བྱ་སྤྱོད་ཧུར་ཐག་སྤེལ་བ་སྟེ། བེ་ཤའི་ཐོན་རྫས་བཟོ་སྣོན་ཞིབ་ཚགས་བྱེད་ཅིང་ཐོན་ལས་ཀྱི་འབྲེལ་ཐག་ཆགས་ཆུ་བཅུག་པ་དང་། ཐོན་ལས་ཆགས་ཚུལ་ལེགས་འགྱུར་བཏང་ཞིང་མཐུན་རྐྱེན་བཟང་བའི་ཐོན་ལས་སྣ་མང་གསོ་སྤེལ་བྱས་པ་རེད། ཀྲུང་གོའི་བེ་ཤ་དུས་ཆེན་གཉེར་ནས་བེ་ཤ་ཁྱབ་གདལ་བྱེད་སྒོ་སྤེལ་བ་དང་སྔ་ཕྱིར་བཟའ་བཅའ་ཤ་མོའི་ཐོན་ལས་འཆར་འགོད་དང་གསོ་སྤེལ་རྟེན་གཞི་འཆར་འགོད་ལེགས་གྲུབ་བྱས་ཡོད། ཉག་ཆུ་ཁའི་བེ་ཤའི་ས་གཤིས་ཚོང་རྟགས་དེབ་འགོད་བྱས་ཤིང་ཀྲུང་གོའི་བེ་ཤ་འབྱུང་ཡུལ་དང་ཉག་ཆུ་ཁའི་བེ་ཤའི་རྩ་གཉིས་བཤེར་རྟགས་ཀྱི་ཟོང་རྟགས་བཟོས་ཏེ་རྫུན་འགོག་ཐུབ་པ་བྱས་ཡོད། vཁུལ་ཡོངས་ཀྱི་ས་གནས་ཀྱི་ཚད་གཞི་ཐོག་མ་སྟེ《ཉག་ཆུ་ཁའི་བེ་ཤ་སོ་མའི་རིམ་པའི་ཚད་གཞི》ལོན་ཡོད་ཅིང་། ཉག་ཆུ་ཁའི་བེ་ཤ་དེ་སི་ཁྲོན་ཞིང་ཆེན་གྱི་ཐེངས་དང་པོའི་གྲོང་ཁྱེར་རིག་གནས་མིང་བྱང་དུ་ཚུད་ཡོད། གློག་རྡུལ་གཞི་སྟེགས་བརྒྱུད་ནས་དྲྭ་སྦྲེལ་རྒྱས་པ་བཙུགས་པར་བརྟེན། དྲྭ་ཐོག་ནས་བེ་ཤ་ཉོ་བར་ཐོགས་འགག་མེད་ལ། ཆུ་ཚོད72ནང་ཚུད་དུ་རྒྱལ་ནང་དང་ཁྱིམ་མཚེས་རྒྱལ་ཁབ་དག་གི་གསོལ་ཅོག་གི་སྟེང་དུ་མགྱོགས་སྐྱེལ་བྱེད་ཐུབ་པ་རེད།

ད་ལོའི་ཉག་ཆུ་རྫོང་གི་བེ་ཤའི་ཡོང་འབབ་སྒོར་དུང་ཕྱུར་ལ་ཉེ་བ་ཐོབ་ཅིང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར1000ཡན་ཡིན་ཞིང་། ཕྱིར་འདྲེན་བྱེད་ཚད་བརྒྱ་ཆ14ལ་ཟིན་ཡོད། འབྲེལ་དྲྭ་བརྒྱུད་ནས་བེ་ཤ་ཞིམ་པོ་ལྗར་པན་དང་ལྷོ་ཁོ་རེ་ཡ་སོགས་རྒྱལ་ཁབ་ཏུ་སླེབས་ཤིང་འཛམ་གླིང་ལ་གྲགས། 

2018122910275931575.jpg

འབྱུང་འགྱུར་ཉག་ཆུ་རྫོང་གིས་བེ་ཤ་ཐོན་ལས་འཕེལ་རྒྱས་བཏང་སྟེ་ཕན་འབྲས་དེ་བས་ཆེན་པོ་འཐོབ་དགོས་ན་ཐོན་ལས་དང་གྲོང་ཁྱེར་གྱི་བྱེད་ནུས་ཕྱོགས་འདུས་ཅན་གྱི་ལས་གཞི་བསྐྲུན་པ་ནི་གནད་ཀྱི་དམ་པ་ཡིན་པ་རེད། 

དཀར་མཛེས་ཁུལ་རི་རྒྱུད་ཞིང་ལས་གསར་སྤེལ་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་གི་རྐང་བདག་འགོ་འཛིན་ཁྲིན་ཝུན་གྱིས་ངོ་སྤྲོད་བྱས་དོན། བེ་ཤ་ཐོན་གྲོང་ཕྱོགས་འདུས་ལས་གཞིའི་འཆར་འགོད་རྒྱ་ཁྱོན་ནི་ས་སྤྱི་ཆུན165ཡིན་ཞིང་། ལས་གཞིར་མ་དངུལ་གཏོང་འབོར་སྒོར་དུང་ཕྱུར20ཡིན་ལ། ཀྲུང་གོའི་བེ་ཤ་ཐོན་ལས་གསར་ཁུལ་གྱིས་གཙོས་བྱས་ཏེ་གཞི་གཅིག་ཅན་གྱི་ཐོག་ནས་བེ་ཤ་རིག་གནས་འགྲེམ་སྤེལ་བྱས་པ་དང་དུས་མཉམ་དུ། ཕྱོགས་འདུས་གྲུབ་གཞི་དེ་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ལས་དང་ཡུལ་སྐོར་གྱི་ཟུང་འབྲེལ་གཙོ་གཞིར་བསྐྲུན་དགོས། དུས་རིམ་སྔོན་མར་མི་རིགས་ཡུལ་སྲོལ་གྲོང་རྡལ་ཆུང་ཆུང་དང་ཁྲོན་བོད་གཞུང་ལམ་ཐོག་གི་ཆེས་མཛེས་པའི་ཡུལ་སྐོར་སྣེ་ལེན་ས་ཚུགས་སྐྲུན་པ་དང་། དུས་རིམ་རྗེས་མར་ཐོན་ལས་ཁུལ་དང་ཐག་ཉེ་བའི་གྲོང་གསུམ་རྩྭ་ཐང་ལྗོངས་ཁུལ་གསར་སྤེལ་བྱ་དགོས། ལས་གཞི་དེ་གྲུབ་རྗེས་ས་གནས་དེ་གའི་མི2000ལས་ཞུགས་ཐུབ་པ་དང་དུད་ཚང500ཡན་གྱི་སྒེར་གཉེར་བཟོ་ཚོང་དུད་ཚང་ལ་སྐུལ་ཁྲིད་བྱས་ཏེ་ལས་ཞུགས་ཐུབ་ཅིང་། མི་ཁྲི་ཕྱུག་འགྱུར་གྱི་ལམ་དུ་ཁྲིད་ཐུབ་པར་མ་ཟད། ད་དུང་ཡུལ་སྐོར་དང་ཐོན་ལས་སོགས་འབྲེལ་ཡོད་ཁེ་ལས50ལྷག་བསྡུ་རུབ་བྱེད་ཐུབ་པས་ས་གནས་དེ་གའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་ནོར་སྲིད་ཡོང་འབབ་ལྡབ་གཅིག་ཡན་འཕར་ཐུབ་པ་རེད། བེ་ཤའི་ཐོན་གྲོང་ཕྱོགས་འདུས་ཅན་གྱི་ལས་གཞི་དུས་རིམ་གསུམ་བགོས་ནས་འཛུགས་སྐྲུན་བྱ་རྒྱུ་སྟེ། ད་ལྟ་སྒོར་དུང་ཕྱུར་གཅིག་བཏང་ནས་དུས་རིམ་དང་པོའི་འཛུགས་སྐྲུན་བྱས་ཏེ་ཐོན་སྐྱེད་བྱེད་འགོ་ཚུགས་ཡོད། བེ་ཤའི་ཞོར་དུ་རི་སྐྱེས་ཤ་མོ་དང་བཟའ་བཅའ་ཤ་མོའི་ཐོན་ལས་འཕེལ་རྒྱས་བཏང་སྟེ། ད་ལོར་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི3000རག་ཅིང་ཕྱིར་འདྲེན་ཕྱི་དངུལ་གཙང་ལོན་སྒོར་ཁྲི300རག་ཡོད་པ་རེད། 

ཉག་ཆུ་ཁའི་མཐོ་སྒང་གི་བྲོ་ཞིམ་བེ་ཤས་རྒྱལ་ཕྱི་ནང་གི་ནོར་གྱི་ནོར་གཡང་ཐམས་ཅད་བཀུག་དང་འགུགས་བཞིན་ཡོད་དོ། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།