མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

  ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།  2014-06-15 10:57

    པི་ཝང། སྙན་འཇེབས་ལྡན་པའི་ཁམས་པའི་རོལ་ཆ།

    པི་ཝང།

    སྙན་འཇེབས་ལྡན་པའི་ཁམས་པའི་རོལ་ཆ།

    “པི་ཝང”ནི་བོད་རིགས་ཀྱི་འབྱར་རྩི་ཅན་གྱི་སྐུད་པ་ཕན་ཚུན་བརྡར་བ་ལས་སྒྲ་མཐོ་དམའ་སྣ་ཚོགས་རང་གི་འདོད་པ་ལྟར་བསྒྱུར་ཆོག་པའི་རྒྱུད་ལྡན་རོལ་ཆ་ཞིག་ཡིན།

    པི་ཝང་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་དབྱིབས་དང་བཟོ་སྟངས་སྤྱིར་ན་པི་ཝང་རྒྱུད་གཉིས་མ་དང་ཧ་ལམ་འདྲ་པོ་ཡོད། སྒྲ་གསང་ལ་སྒྲ་གདངས་ཧ་ཅང་སྙན་པོ་ཡོད། རྒྱུན་དུ་རོལ་ཆ་རྐྱང་དཀྲོལ་དང་དེ་བཞིན་གླུ་གར་དང་། ཟློས་གར། གཞས་མ་གཏམ་བཅས་ལ་སྤྱོད་པའི་རམ་དཀྲོལ་རོལ་མོ་ཞིག་ཡིན།

    “གནའ་བོའི་བོད་དུ་པི་ཝང་ནི་རྒྱུད་ལྡན་རོལ་ཆའི་སྤྱི་མིང་ལ་ཟེར། དེའི་ནང་ད་དུང་སོར་གཏོང་རོལ་ཆ་ཚུད་པ་དང་སྔོན་མ་ཧུ་ཆིན་ཡང་སོར་གཏོང་རོལ་ཆའི་ནང་ཚུད་ཀྱི་ཡོད། ཉེ་རབས་སུ་པི་ཝང་ནི་རྒྱུད་ལྡན་རོལ་ཆའི་ཆེད་མིང་དུ་གྱུར་བ་རེད”ཅེས་པི་ཝང་གི་ལོ་རྒྱུས་ལ་རྒྱུས་མངའ་ཆེན་པོ་ཡོད་པའི་བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པའི་རོལ་མོ་དཀྲོལ་མཁན་རིག་གནས་ཀྱིས་བརྗོད།

    རིག་གནས་ཀྱིས་པི་ཝང་ནི་པི་དོང་དང་། རྒྱུད་སྐུད། པགས་པ། སྒྲིམ། སྒ། པི་གཞུ་སོགས་ལས་གྲུབ་ཡོད། དབྱིབས་འདྲ་མིན་སྣ་ཚོགས་ཡོད་ལ་སྤྱིར་ན་དམངས་ཁྲོད་སྒྱུ་རྩལ་པས་རང་ཉིད་ཀྱིས་བཟོས་ནས་རང་ཉིད་ཀྱིས་དཀྲོལ་གཏོང་བྱེད་ཀྱི་ཡོད། དེའི་རིང་ཚད་ལ་ལི་སྨི་55ནས་ལི་སྨི་68བར་ཡོད། པི་དོང་ནི་སྒོར་དབྱིབས་ཡིན་པའི་ཁར་ཁག་གཅིག་ནི་འབྲི་གཡག་གི་རྭ་ཅོའམ་ཡང་ན་ཤིང་ངམ་སྙུག་མ་སོགས་ལས་བཟོ་གི་ཡོད་ཅེས་གསར་འགོད་པར་བརྗོད་བྱུང་།

    ལག་ཤེས་བཟོ་རྩལ་ཕུད། པི་ཝང་གི་སྒྲ་གསང་ལ་སྒྲ་གདངས་ཧ་ཅང་སྙན་པོ་ཡོད། རྒྱུན་དུ་རོལ་ཆ་རྐྱང་དཀྲོལ་དང་དེ་བཞིན་གླུ་གར་དང་། ཟློས་གར། གཞས་མ་གཏམ་བཅས་ལ་སྤྱོད་པའི་རམ་དཀྲོལ་རོལ་མོ་ཞིག་ཡིན། གཙོ་བོ་དམངས་ཁྲོད་གླུ་གར་དང་རལ་པ་འཁྲབ་སྐབས་དཀྲོལ་གཏོང་བྱེད་ཀྱི་ཡོད།

    “པི་ཝང་དཀྲོལ་གཏོང་བྱེད་སྐབས་སྤྱིར་ན་ལངས་ནས་དཀྲོལ་གཏོང་བྱེད་པ་དང་བསྡད་ནས་དཀྲོལ་གཏོང་བྱེད་སྲོལ་གཉིས་ཡོད། བསྡད་ནས་དཀྲོལ་གཏོང་བྱ་རྒྱུ་དེ་ནི་པི་ཝང་རྒྱུད་གཉིས་དཀྲོལ་སྟངས་དང་ཧ་ལམ་འདྲ་པོ་ཡོད་ཅིང་། རྐང་པ་གཡས་པ་གཡོན་མའི་སྟེང་དུ་བཞག་རྗེས་པི་དོང་རྐང་པ་གཡོན་མའི་པུས་མོའི་སྟེང་དུ་བཞག་ནས་ལག་གཡོན་མས་པི་ཝང་གི་རྒྱུད་སྐུད་སྣོན་པ་དང་ལག་གཡས་པས་པི་གཞུ་རྒྱུད་སྐུད་གཉིས་དབར་ཡར་འཐེན་མར་འཐེན་བྱེད་ཀྱི་ཡོད། ལངས་ནས་དཀྲོལ་གཏོང་བྱེད་སྐབས་སྐེ་རགས་སམ་ཡང་ན་སྐུད་པས་པི་དོང་སྐེ་པའི་གཡོན་དུ་དམ་པོར་འདོགས་དགོས”ཞེས་ལོ་མང་པི་ཝང་དཀྲོལ་མྱོང་བའི་རིག་གནས་ཀྱིས་པི་ཝང་དཀྲོལ་སྟངས་ཇི་མ་ཇི་བཞིན་བརྗོད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག