མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ལྗོངས་ལྷ་སའི་སློབ་གསོ་གྲོང་ཁུལ་དུ་ད་ལོའི་ཟླ་དགུ་བར་སྐོར་དང་པོའི་སློབ་བུ་ཁྲི་ལྷག་བསྡུ་རྩིས་ཡོད།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-07-29 10:49

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ལྷ་ས་གྲོང་ཁྱེར་སྲིད་གཞུང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་བོད་ལྗོངས་ལྷ་སའི་སློབ་གསོ་གྲོང་ཁུལ་གྱི་དུས་རིམ་དང་པོའི་ལས་གཞི་ལེགས་འགྲུབ་བྱུང་ཡོད། ལྷ་སའི་ནག་ཆུ་མཐོ་རིམ་སློབ་འབྲིང་གཉིས་པ་དང་ལྷ་སའི་པེ་ཅིན་ཚོད་ལྟ་སློབ་འབྲིང་། ལྷ་སའི་ཅང་སུའུ་ཚོད་ལྟ་སློབ་འབྲིང་སོགས་སློབ་གྲྭ་ཁག་དྲུག་ཟླ་བ་དགུ་བའི་ནང་དངོས་སུ་བཀོལ་སྤྱོད་བྱེད་འགོ་བརྩམས་རྒྱུ་རེད། དུས་སྐབས་དེར་སློབ་མ་ཁྲི་ཡས་མས་གནས་དེར་འདུས་ནས་སློབ་སྐབས་གསར་བ་འགོ་བརྩམས་རྒྱུ་རེད།

    ལྷ་ས་གྲོང་ཁྱེར་སློབ་གསོ་གྲོང་ཁུལ་ནི་ལྷ་ས་གྲོང་ཁྱེར་གྲོང་ཞོལ་ཁུལ་རྩེད་ཐང་ཤང་དུ་གནས་ལ། བྱང་ཕྱོགས་ནས་སྐྱིད་ཆུར་འབྲེལ་ཡོད་པ་དང་། ལྷོ་ཕྱོགས་ནས་རྒྱལ་གཞུང་ཨང་རྟགས 318ལ་འབྲེལ་ཡོད། ས་བབ་རྒྱ་ཁྱོན་ལ་མུའུ 4690 ཡོད། 2012ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱིས་ལོ་ངོ་གསུམ་གྱི་དུས་ཚོད་སྤྱད་ནས་ལྷ་ས་གྲོང་ཁྱེར་གྱི་སློབ་གསོ་གྲོང་ཁུལ་འཛུགས་སྐྲུན་བྱས།

    ལྷ་ས་གྲོང་ཁྱེར་གྱི་གཙོ་འཛིན་གཞོན་པ་འཇིགས་མེད་རྣམ་རྒྱལ་གྱིས། མིག་སྔར་ལྷ་ས་རུ་སྤྱིའི་ཆ་ནས་དེང་རབས་ཅན་གྱི་སློབ་གསོ་མ་ལག་ཆ་ཚང་བཙུགས་ཡོད་ནའང་། རིམ་པ་དང་རིགས་སོ་སོའི་སློབ་གྲྭའི་བཅའ་བཀོད་ད་དུང་ལུགས་མཐུན་མིན་ལ། སློབ་གྲྭའི་བཅའ་བཀོད་ཁ་འཐོར་ཡིན་པ་དང་། ཐོན་ཁུངས་སྒྲིག་བཀོད་ནུས་ལྡན་མིན་པ། སློབ་སྒྲུབ་ཆ་རྐྱེན་ཞན་པ། སློབ་གསོ་དང་སློབ་སྒྲུབ་ཆུ་ཚད་ཞན་པ་སོགས་ཀྱི་འབུར་ཐོན་གནད་དོན་འདུག སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་ཇེ་མགྱོགས་གཏོང་བ་དང་། སློབ་གྲྭའི་བཅའ་བཀོད་ལེགས་སྒྲིག སློབ་གསོ་ཐོན་ཁུངས་གཅིག་བསྡུ་བཅས་བྱེད་ཆེད། 2012ལོར་ལྷ་ས་གྲོང་ཁྱེར་གྱི་སློབ་གསོ་གྲོང་ཁུལ་འཛུགས་སྐྲུན་རྣམ་གྲངས་སྤེལ་འགོ་བརྩམས་པ་རེད།

    འཇིགས་མེད་རྣམ་རྒྱལ་གྱིས། ལོ་གཉིས་ལྷག་གི་རིང་དུ་འཛུགས་སྐྲུན་བྱས་པ་བརྒྱུད། མིག་སྔར་ལྷ་སའི་སློབ་གསོ་གྲོང་ཁུལ་དུ་རྣམ་གྲངས་བཅོ་བརྒྱད་འཛུགས་སྐྲུན་བྱེད་བཞིན་ཡོད། དེ་དག་ལས་པེ་ཅིན་དང་ཅང་སུའུ་ཞིང་ཆེན་ནམ་གྲོང་ཁྱེར་གཉིས་ཀྱིས་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་གཉིས་བཏང་སྟེ། རེ་རེ་བཞིན་ལྷ་སའི་པེ་ཅིན་ཚོད་ལྟ་སློབ་འབྲིང་དང་ཅང་སུའུ་ཚོད་ལྟ་སློབ་འབྲིང་བཅས་སློབ་གྲྭ་གཉིས་འཛུགས་སྐྲུན་བྱས་ཏེ། རེ་རེ་བཞིན་སློབ་མ་སྟོང་གསུམ་བསྡུ་བ་རེད།

    ལྷ་ས་གྲོང་ཁྱེར་སློབ་གསོ་དང་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཀྲུང་ཁྲའོ་ཁྲིན་གྱིས། གསར་དུ་འཛུགས་སྐྲུན་བྱས་པའི་ལྷ་སའི་སློབ་གསོ་གྲོང་ཁུལ་གྱིས་ཚད་ཆེས་ཆེན་པོ་ནས་སློབ་གྲྭའི་ཐོན་ཁུངས་མཐུན་སྒྲིག་ལེགས་བསྒྱུར་ཐུབ་ལ། སློབ་གྲྭའི་སློབ་སྒྲུབ་ཆ་རྐྱེན་ལེགས་བསྒྱུར་བྱེད་ཐུབ། སློབ་གྲྭ་གཞི་རྒྱ་ཅན་དང་ཚད་གཞི་ཅན། དེང་རབས་ཅན་དུ་སྙེག་པར་སྐུལ་འདེད་ཐོན། ལྷ་སའི་གྲོང་རྡལ་ཅན་འཕེལ་རྒྱས་ཀྱིས་སློབ་གསོ་མངོན་འགྱུར་དགོས་མཁོ་བསྐངས་ཐུབ་པ་རེད་ཅེས་བཤད།

    དེ་ལས་གཞན་རྒྱུས་ལོན་བྱུང་བ་ལྟར་ན། ལྷ་ས་གྲོང་ཁྱེར་སློབ་གསོ་གྲོང་ཁུལ་ནི་མ་འོངས་པར་ད་དུང་སློབ་གསོ་དང་སྡོད་གནས། སྨན་བཅོས། ཚོང་ལས་སོགས་ཆ་ཚང་བའི་བྱེད་ནུས་མང་བའི་དེང་རབས་སློབ་གསོ་གྲོང་ཁུལ་ཞིག་ཡིན། སློབ་གསོ་གྲོང་ཁུལ་དུ་ཞུགས་པའི་ལས་ཁུངས་སོ་སོ་རྒྱུན་ལྡན་ངང་འཁོར་སྐྱོད་བྱས་པ་དང་བསྟུན་ནས། མ་འོངས་པའི་ལོ་ངོ་གསུམ་དང་ལྔའི་རིང་དུ་སློབ་གསོ་གྲོང་ཁུལ་ཡོངས་ཀྱི་མི་གྲངས་ཁྲི་ལྔ་ཡན་ཟིན་རྩིས་ཡོད་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག