མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

བོད་ཀྱི་རིག་གནས་ཀྱི་རང་རློམ་དང་འབྱུང་འགྱུར་ལ་ཁ་ཕྱོགས་ཚུལ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-07-29 10:56

མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་ཁང་གི་འགོ་གཙོ་དབྱི་ཀྲི་ཀང་གིས་གཟིགས་མོ་བར་བོད་བརྒྱུད་ནང་བསྟན་གྱི་ཡང་སྤྲུལ་ངོས་འཛིན་གྱི་ལྟ་བའི་སྐོར་འགྲེལ་བཤད་གནང་བཞིན་པ།

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་དུ་དེང་རབས་འགྲེམས་སྟོན་དང་། ཚན་རྩལ། སྨྱན་མང་བཅས་ཀྱི་བྱེད་ཐབས་སྤྱད་དེ་བོད་མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས། སྒྱུ་རྩལ། ཆོས་ལུགས། ཡུལ་སྲོལ་གོམས་གཤིས་བཅས་འགྲེམས་སྟོན་གནང་སའི་མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་ཁང་ཞེས་པ་ཞིག་འདུག ཟླ7པའི་ཚེས13ཉིན། “གངས་ལྗོངས་ཧྲེང་ཧྥེང་སྟེ། མཛེས་པའི་མཚོ་སྔོན། བརྙན་གཟུགས་གཙང་གསུམ”ཞེས་པའི་འཚོལ་སྡུད་ཚོགས་པར་ཞུགས་པའི་ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགོད་པས་རྟེན་མཛོད་ཁང་དེ་གའི་འགོ་གཙོར་བཅར་འདྲི་གནང་། ཁོང་གིས་བོད་ཀྱི་རིག་གནས་འཕེལ་རྒྱས་དང་རྒྱུད་འཛིན་གྱི་གནད་དོན་སྐོར་གླེང་དུས། རང་རྒྱལ་གྱི་གནའ་བོའི་རིག་གནས་དང་བོད་ཀྱི་རིག་གནས་གང་ཡིན་རུང་། རྒྱུད་འཛིན་གྱི་གོ་རིམ་ཁྲོད་ངེས་པར་དུ་རིག་གནས་རང་རློམ་དང་འབྱུང་འགྱུར་ཁ་ཕྱོགས་པའི་ངང་ཚུལ་འཛིན་དགོས་ཤིང་། རྒྱུད་འཛིན་ལེགས་པོ་བྱེད་པའི་གོ་རིམ་ཁྲོད་སྲོལ་རྒྱུན་ལ་གསར་གཏོད་གང་ལེགས་བྱས་ནས། དེང་གི་དུས་དང་དེང་མིའི་མཚར་སྡུག་གསར་གཏོད་བྱེད་རྒྱུ་ནི་དོན་དང་ལྡན་པའི་རྒྱུད་འཛིན་ཡིན་ཏེ། རྒྱུ་མཚན་དེ་རིང་གསར་གཏོད་ནི་སང་ཉིན་གྱི་སྲོལ་རྒྱུན་ཡིན་པས་ཕྱིར་ཅེས་བརྗོད་བྱུང་།

    དབྱི་ཀྲི་ཀང་གིས་རིག་གནས་ཡོད་དོ་ཅོག་ལ་ཐུན་མོང་གི་ཆ་ཡོད་པ་ལས་བོད་ཀྱི་རིག་གནས་ལ་ཁྱད་ཆོས་ཐུན་མིན་ཞིག་ལྡན་ལ། དེ་ནི་ གངས་ལྗོངས་ས་མཐོའི་འཚོ་སྟངས་ལ་རག་ལས་པ་རེད། “རིག་གནས་འཕེལ་རྒྱས་ཀྱི་གོ་རིམ་ནང་། ཀྲུང་ཡོན་ནང་ལོགས་ས་ཁུལ་ལ་དཔེ་བཞག་ན། ནང་བསྟན་རིག་གནས་ལ་ཚད་ངེས་ཅན་གྱི་འཕེལ་རྒྱས་བྱུང་ནས་དད་ལྡན་གྲངས་ཀྱིས་མི་ཟིན་ཡོད་ནའང་། རུའུ་ལུགས་རིག་གནས་ཀྱི་ཤུགས་རྐྱེན་དེ་ལས་ཆེ་ཞིང་། སྤྱི་ཚོགས་ཀྱི་ཕུལ་བྱུང་མི་སྣ་མང་ཤས་ཀྱིས་རུའུ་ལུགས་རིག་གནས་ལ་ཁ་ཕྱོགས་ཕྱིར། ཀྲུང་ཡོན་ནང་ལོགས་ས་ཁུལ་ནས་ནང་བསྟན་རིག་གནས་ཀྱིས་རིག་གནས་གཙོ་བོ་དང་ལྟེ་བའི་གོ་གནས་འཛིན་མ་ཐུབ་པ་རེད། དེ་ལས་བོད་ནས་ནང་བསྟན་ཉིད་རིག་གནས་གཙོ་བོ་ཡིན་པའི་ཆ་ནས། ཐ་མར་ཆོས་སྲིད་ཟུང་འབྲེལ་གྱི་ལམ་དུ་སླེབས་པ་དང་། ལམ་དེ་ནི་དུས་རབས་དཀྱིལ་མའི་སྐབས་ཀྱི་ཡོ་རོབ་དང་མཚུངས་པའི་ཆོས་གྲྭའི་བགྲོད་ལམ་ལྟ་བུ་སྟེ་མདོ་སྔགས་ཟུང་འབྲེལ་གྱི་ལམ་ནས་སྒྲུབ་སྦྱོང་བྱེད་རྒྱུ་གཙོར་འཛིན་པ་ཞིག་ཡིན་ལ། མདོ་ནི་ཤེས་བྱར་སློབ་སྦྱོང་བྱེད་པ་དང་། སྔགས་ནི་བོད་བརྒྱུད་ནང་བསྟན་གྱི་ཆོས་སྒོར་ཞུགས་རྒྱུ་དེའོ། ། ” མིག་སྔར། བོད་ཀྱི་རིག་གནས་རྒྱུད་འཛིན་བྱེད་དགོས་ཚེ་དེ་ཉིད་འཕེལ་རྒྱས་སུ་གཏོང་དགོས། འཕེལ་རྒྱས་སུ་གཏོང་པའི་སྔོན་འགྲོའི་ཆ་རྐྱེན་ནི“སྙིགས་དོར་བཅུད་ལེན”གྱིས་རྒྱུད་འཛིན་བྱེད་དགོས་པ་དེ་རེད། དོན་སྙིང་དེ་འདྲའི་ངོས་ནས་རྒྱུད་འཛིན་དང་དར་སྤེལ་བྱེད་རྒྱུ་ནི་བོད་ཀྱི་རིག་གནས་ཉིད་འཛམ་གླིང་དུ་རང་རྐྱ་འཕེར་བའི་ངང་གནས་སྲིད་པའི་ཐབས་ལམ་ཉག་གཅིག་རེད།

    བོད་བརྒྱུད་ནང་བསྟན་དེ་འཕེལ་རྒྱས་ཀྱི་གོ་རིམ་ནང་རྒྱ་གར་ནས་ཐོག་མར་དར་པའི་ནང་བསྟན་གསུང་རབ་དང་འབྲེལ་བ་ཧ་ཅང་དམ་པོ་ཡོད་པ་མ་ཟད། རང་ལ་དབང་པའི་གསུང་རབ་མང་པོའང་གསར་གཏོད་གནང་ཡོད་པ་རེད། འདི་ནི་བོད་བརྒྱུད་ནང་བསྟན་གྱི་ཁྱད་ཆོས་གཙོ་བོ་ཞིག་ཡིན་ལ། དེས་བོད་ཀྱི་རིག་གནས་ནི་རང་སྟེང་ནས་གསར་གཏོད་འཕེལ་རྒྱས་འབྱུང་བཞིན་ཡོད་པ་ལས་ནམ་ཡང་འཕོ་འགྱུར་མེད་པར་དུས་རིམ་དང་གནས་ཐིག་གང་རུང་དུ་ལུས་མེད་པ་མཚོན་ཡོད། དེ་ལྟར་ནའང་དེང་སྐབས“དག་འབུད”ཀྱི་སྣང་ཚུལ་ཁ་ཤས་འབྱུང་བཞིན་པ་ནི་དངོས་གནས་སེམས་ཁྲལ་ཆེ་བ་ཞིག་རེད། “བོད་ཀྱི་རིག་གནས་མ་ཟད། ནང་སའི་རང་རྒྱལ་གྱི་གནའ་བོའི་རིག་གནས་དང་སྲོལ་རྒྱུན་རིག་གནས་འདུས་པ་ཐ་དག་ལ་ཕྱོགས་གང་ཞིག་ནས་དོགས་འདྲི་བྱེད་དུས། ནམ་རྒྱུན‘དག་འབུད’ཀྱི་སྤྱོད་ཚུལ་བྱུང་ཀྱིན་ཡོད། དུས་རྒྱུན‘ཁྱོད་དེ་འདྲའི་ང་རྒྱལ་སྐྱེས་རྒྱུ་ཅི་ཡོད། སྐབས་དེ་དུས་ང་ཚོ་ཁྱོད་ལས་ཁྱད་འཕགས་ཡིན’ཞེས་པ་ལྟ་བུའི་ཨQདྲན་ཚུལ་དེ་རིགས་མངོན་ཀྱི་ཡོད།”དབྱི་ཀྲི་ཀང་གིས་སྐྱོན་འཛུགས་ལ་རྒྱུ་མཚན་གསེལ་དཀྲོལ་བྱེད་པ་དེ་ནི་ཉམ་ཞན་གྱི་སེམས་ཁམས་རེད། “ང་ཚོས་ངེས་པར་དུ་རིག་གནས་རང་རློམ་བཙུགས་ནས་ཆེས་བཙན་མོའི་གཤགས་གྲིའི་རང་གི་རིག་གནས་ལ་གཤགས་བཅོས་བྱེད་རྒྱུ་དེ་ནི་རིག་གནས་རང་རློམ་གྱི་མངོན་སྟངས་རེད”ཅེས་འདོད།

    རིག་གནས་རང་རློམ་ཅེས་པ་ནི་སྲོལ་རྒྱུན་ཡོད་ཚད་དོར་དགོས་པ་ནི་མིན་ཏེ། “སྲོལ་རྒྱུན་ནི་ཅི་ཞིག་རེད་ཅེས་ན། མི་རབས་རེ་རེས་སྔར་གྱི་སྲོལ་རྒྱུན་སྟེང་གསར་གཏོད་གནང་པ་ལ་ད་གཟོད་སྲོལ་རྒྱུན་ཟེར། དེ་རིང་གི་གསར་གཏོད་ལ་སང་ཉིན་སྲོལ་རྒྱུན་ཟེར། དེ་བས་རིག་གནས་ནི་སྔར་བས་སྲོལ་རྒྱུན་རྒྱུད་འཛིན་དང་སྲོལ་རྒྱུན་ལ་གསར་གཏོད་གང་ལེགས་གནང་པའི་གོ་རིམ་དང་། འདས་སོང་ནས་འབྱུང་འགྱུར་ལ་སྙེགས་པའི་གོ་རིམ་ཡིན་ཏེ། གལ་ཏེ་འབྱུང་འགྱུར་ལ་ཕྱོགས་པའི་ངང་ཚུལ་ཞིག་མེད་པར་ཕྱོགས་རེ་ཙམ་གྱིས་གནའ་མི་ཇི་འདྲའི་བཟང་ཚུལ། ཇི་འདྲའི་གཟི་བརྗིད་ལྡན་ཚུལ་བརྗོད་པ་དེར་སྙིང་བོ་ཅི་ཡང་ཡོད་པ་མ་རེད། དེ་རིང་གི་མི་ཡིས་དེ་རིང་གི་གཟི་བརྗིད་བསྐྲུན་དགོས་པ་དེ་ནི་ད་གཟོད་དོན་དངོས་ཐོག་སྲོལ་རྒྱུན་རྒྱུད་འཛིན་དང་རིག་གནས་རྒྱུད་འཛིན་ཡིན་པ་རེད”ཅེས་དབྱི་ཀྲི་ཀང་གིས་དེ་སྐད་བརྗོད་བྱུང་།

    དབྱི་ཀྲི་ཀང་གིས“བོད་ཀྱི་སྲོལ་རྒྱུན་རིག་གནས་ནི་ཆེས་མཐའ་མཇུག་གི་དྭངས་གཙང་དེ་ཡིན”ཞེས་པའི་སྨྲ་སྟངས་ལ་ཡིད་འཐད་མིན་ཚུལ་བསྟན།“ ཀྲུང་གོའི་མི་དང་ཕྱི་རྒྱལ་མི་གང་ཡིན་རུང་། མི་རྣམས་ཀྱིས་རང་གི་རིག་གནས་ལ་གཟི་བརྗིད་སྐྱེས་སྲིད་མོད། དེས་ཁོ་ཚོའི་རིག་གནས་ནི་ལོ་བརྒྱའི་ཡར་སྔོན་དང་། ལྔ་བརྒྱའི་ཡར་སྔོན། ཆིག་སྟོང་ཡར་སྔོན་དུ་སྡོད་དགོས་པའི་ངེས་པ་མེད། དེང་སྐབས་ཡོ་རོབ་མི་རྣསམ་ནགས་ཚལ་དུས་རབས་སུ་ཕྱིར་བསྐྱལ་པ་ཡིན་ན། ངས་བསམ་པར་ཁོ་ཚོ་ཡིད་འཐད་མིན་པ་ཐག་ཆོད་རེད། འཛམ་གླིང་སྤྱི་མདུན་སྐྱོད་བྱེད་པའི་དུས་སུ། གལ་ཏེ་རིག་གནས་གང་རུང་ཞིག་དུས་རབས་གང་རུང་ཞིག་ཏུ་གཟི་བརྗིད་འཕྲོས་ཐུབ་པ་དེ་ནི་དུས་རབས་དེ་དང་དུས་རབས་དེའི་མི་ལ་དབང་པའི་གཟི་བརྗིད་ཡིན་པ་རེད། རང་རྒྱལ་གྱི་གནའ་བོའི་རིག་གནས་དང་བོད་ཀྱི་རིག་གནས་གང་ཡིན་རུང་། སྔོན་ཆད་ཀྱི་མཚར་སྡུག་ནི་སྔོན་ཆད་ལ་དབང་ཞིང་མེས་པོ་ལ་དབང་། དེ་རིང་གི་མཚར་སྡུག་ཇི་ལྟར་བསྐྲུན་རྒྱུ་དེ་ནི་ད་གཟོད་ད་ལྟའི་མི་རྣམས་ཀྱིས་བསམ་གཞིགས་བྱེད་དགོས་པ་ཞིག་ཡིན་ལ། མེས་པོ་དག་གི་སྲོལ་རྙིང་གཅིག་པུ་ཙམ་ཨུ་ཚུགས་ཀྱིས་སྲུང་ནས་བསྡད་ན་དེ་ནི་དོན་དང་ལྡན་པའི་རྒྱུད་འཛིན་ཡིན་སྲིད་རྒྱུ་མ་རེད ཅེས་བསྟན་བྱུང་།”། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག