མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

མཚོ་བོད་ལྕགས་ལམ་གྱི་རྒྱུན་སྲངས་ལམ་ཐིག་སྟེ་ལྷ་གཞིས་ལྕགས་ལམ་ལ་ཚོད་ལེན་བྱེད་འཚག

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-07-29 10:56

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།ལྷ་གཞིས་ལྕགས་ལམ་གྱི་ཚོད་ལེན་ལས་ཀ་ནི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར་ཡོངས་སུ་མཇུག་རྫོགས་ཏེ། དངོས་སུ་ཐོག་མའི་ཚོད་ལེན་དང་བདེ་འཇགས་བརྟག་བཤེར་དུས་རིམ་དུ་སླེབས་ཡོད། ཅེས་ལྷ་གཞིས་ལྕགས་ལམ་འཛུགས་སྐྲུན་སྤྱི་ཁྱབ་བཀོད་འདོམས་པུའུ་ཡི་སྤྱི་ཁྱབ་བཟོ་སྐྲུན་པ་ཀྲང་ལི་ཀྲུང་གིས་ཚེས་ཉེར་གསུམ་ཉིན་དེ་ལྟར་བཤད།

    ལྷ་གཞིས་ལྕགས་ལམ་གྱི་གནས་ཚུལ་ཚོད་ལེན་འགན་ཁུར་བའི་ཀྲུང་གོའི་ལྕགས་ལམ་ཅུས་བརྒྱད་པའི་ཕྱི་སྒྲོམ་འདིང་མཁན་གྱི་ཡན་ལག་པུའུ་ཡི་ལས་འཛིན་ཀྲུའུ་ཝུན་ཤང་གིས་ངོ་སྤྲོད་བྱ་རྒྱུར། ལྷ་གཞིས་ལྕགས་ལམ་གྱི་གནས་ཚུལ་ཚོད་ལེན་ལས་ཀ་ཟླ་བ་བདུན་པའི་ཚེས་བཅོ་ལྔ་ཉིན་འགོ་བརྩམས་པ་ནས་བཟུང་། སྤྱིའི་རིང་ཚད་ལ་སྤྱི་ལེ 253ཡོད་པའི་ལྷ་གཞིས་ལྕགས་ལམ་སྟེང་བསྡོམས་པས་མེ་འཁོར་བཅུ་བཞི་བཏང་ནས་ཚོད་ལེན་བྱས་ཡོད། བརྒྱུད་རིམ་དེའི་ཁྲོད་དུ། རེ་རེ་བཞིན་ཆུ་ཚོད་གཅིག་ལ་སྤྱི་ལེ 80 དང་། སྤྱི་ལེ 100 ། སྤྱི་ལེ 120 ། སྤྱི་ལེ 132བཅས་མེ་འཁོར་མགྱོགས་ཚད་རིམ་པ་བཞི་གཏན་ཁེལ་བྱས་ཏེ། ལྕགས་ལམ་གྱི་སྤུས་ཚད་ལ་ཚོད་ལེན་བྱས་ནས། དུས་ཐོད་དུ་གནད་དོན་གསར་རྙེད་ཐུབ་པ་བྱས།

    ཀྲུའུ་ཝུན་ཤང་གིས། ཐེངས་འདིའི་གནས་ཚུལ་ཚོད་ལེན་མཇུག་རྫོགས་རྗེས། ལྷ་གཞིས་ལྕགས་ལམ་དངོས་སུ་ཐོག་མའི་ཚོད་ལེན་དང་བདེ་འཇགས་བརྟག་བཤེར་དུས་རིམ་དུ་སླེབས་པ་རེད། སྐབས་དེར། ཆེད་ལས་མི་སྣས་ལྷ་གཞིས་ལྕགས་ལམ་གྱི་ལྕགས་གདན་དང་ཟམ་པ། སྦུག་ལམ་སོགས་ཀྱི་ཐད་ནས། ཚད་གཞི་ལ་གཞིགས་ཏེ་བདེ་འཇགས་ཚོད་ལེན་བྱེད་པ་རེད། བདེ་འཇགས་བརྟག་བཤེར་ལ་ཆོག་མཆན་ཐོབ་རྗེས། ལྷ་གཞིས་ལྕགས་ལམ་སྟེང་མེ་འཁོར་བགྲོད་ཆོག་པའི་ཆ་རྐྱེན་ལྡན་པ་རེད།

    བོད་རང་སྐྱོང་ལྗོངས་ཀྱི་ལྟེ་སྙིང་ལྷ་ས་གྲོང་ཁྱེར་དང་བོད་ལྗོངས་ཀྱི་གྲོང་ཁྱེར་ཆེན་པོ་ཨང་གཉིས་པ་གཞིས་ཀ་རྩེ་བར་གྱི་ལྷ་གཞིས་ལྕགས་ལམ་ནི། འཛམ་གླིང་སྟེང་མཚོ་འཕགས་ཆེས་མཐོ་བའི་མཚོ་བོད་ལྕགས་ལམ་གྱི་རྒྱུན་སྲངས་ལམ་ཐིག་ཡིན་ལ། 2010 ལོར་འཛུགས་སྐྲུན་བྱེད་འགོ་བརྩམས་པ་ནས་བཟུང་། ལྕགས་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ 253 ཡོད་པ་དང་། དེའི་ལམ་བར་ནས་སྤྱི་ལེ 90 ཡོད་པའི་ཡར་ཀླུང་གཙང་བོའི་བྲག་རོང་ཆེན་མོ་བརྒལ་དགོས་པ་རེད།

    ཀྲང་ལི་ཀྲུང་གིས། ལྷ་གཞིས་ལྕགས་ལམ་འཛུགས་སྐྲུན་ལེགས་འགྲུབ་བྱུང་རྗེས། གཞིས་ཀ་རྩེ་ལྟེ་བ་བྱས་པའི་བོད་ལྗོངས་ལྷོ་ནུབ་ས་ཁུལ་གྱིས་གཞུང་ལམ་སྐྱེལ་འདྲེན་ལ་བརྟེན་དགོས་པའི་རྣམ་པ་དེ་རྩ་བ་ནས་འགྱུར་ལྡོག་བྱུང་བ་དང་། ས་ཁུལ་དེ་དག་གི་འགྲིམ་འགྲུལ་སྐྱེལ་འདྲེན་ཆ་རྐྱེན་དང་མ་དངུལ་གཏོང་འཇོག་ཁོར་ཡུག་ལ་ལེགས་བསྒྱུར་ཆེན་པོ་ཐོན། དངོས་ཟོག་སྐྱེལ་འདྲེན་མ་རྩ་ཇེ་དམར་འགྱུར་བས། དཔལ་འབྱོར་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ཐད་ལ་སྐུལ་འདེད་ཐོན་པ་རེད།

    མཚོ་བོད་ལྕགས་ལམ་གྱི་བསྡོམས་རྩིས་གཞི་གྲངས་ལས་མངོན་གསལ་ལྟར་ན། མཚོ་བོད་ལྕགས་ལམ་ཤར་གཏོང་བྱུང་ནས་ལོ་ངོ་བརྒྱད་ཀྱི་རིང་དུ། དངོས་ཟོག་སྐྱེལ་འདྲེན་ཚད་ལོ་རེར་བརྒྱ་ཆའི 12.8 དང་། ཡུལ་སྐོར་མགྲོན་པོ་སྐྱེལ་འདྲེན་ཚད་ལོ་རེར་བརྒྱ་ཆའི 15.5 གོང་འཕར་བྱུང་ཡོད། མཚོ་བོད་ལྕགས་ལམ་གྱིས་བོད་ལྗོངས་ཀྱི་ཡུལ་སྐོར་མགྲོན་པོའི་སྤྱིའི་མི་གྲངས་ཐད་ལ་བྱས་རྗེས་འཇོག་ཚད་བརྒྱ་ཆའི་སུམ་ཅུ་ཡས་མས་རྒྱུན་འཁྱོངས་བྱས་ཡོད།

    བོད་རང་སྐྱོང་ལྗོངས་ལྕགས་ལམ་དབུ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་དབྱང་ཡུས་ལིན་གྱིས། གཞིས་ཀ་རྩེ་ནི་བོད་ལྗོངས་ཀྱི་འབྲུ་མཛོད་ཡིན་ལ། དུས་མཚུངས་སུ་ཕུན་སུམ་ཚོགས་པའི་རང་བྱུང་ཡུལ་སྐོར་མཛེས་ལྗོངས་ཡོད་པས། མཚོ་བོད་ལྕགས་ལམ་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་ཡིས་བོད་ལྗོངས་ཀྱི་ལམ་རྒྱུད་ས་ཁུལ་གྱི་ཞིང་འབྲོག་པའི་འཚོ་བའི་ཆུ་ཚད་དང་། གྲོང་ཁྱེར་འཛུགས་སྐྲུན། ཡུལ་སྐོར་བཅས་ཀྱི་ཐད་ལ་སྒུལ་ཤུགས་བསྣན་པ་ལྟར་དུ། ལྷ་གཞིས་ལྕགས་ལམ་འཛུགས་སྐྲུན་ལེགས་འགྲུབ་བྱུང་རྗེས་གཞིས་ཀ་རྩེ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་སྒུལ་ཤུགས་ངེས་ཅན་འདོན་ཐུབ་པ་རེད་ཅེས་བཤད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག