མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- བོད་ལྗོངས།

གཞིས་རྩེའི་ཞིང་ལས་ཐོན་རྫས་རིན་ཐང་བོད་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་པ།

  ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  2014-11-18 10:52

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོའི་རིང་གཞིས་རྩེ་ས་ཁུལ་གྱིས་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཐོན་སྐྱེད་ཀྱི་རྟེན་གཞི་སྟོབས་ཆེར་གཏོང་བ་དང་གཞིས་རྩེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་སྐྱེ་ལྡན་ཐོན་རྫས་ཀྱི་གྲགས་ཅན་མཚོན་རྟགས་ཧུར་ཐག་གཏོད་ནས་ཐོན་ལས་འཁོར་འབྲེལ་སྣུར་བསྲིང་དང་ཞོར་སྣོན་རིན་ཐང་ཆེ་རུ་བཏང་བ་དང་། སྐྱེ་ཁམས་ཀྱི་སྐྱེ་ལྡན་ཞིང་འབྲོག་ཐོན་ལས་སྔར་བས་སྟོབས་ཆེར་བཏང་བས་ཞིང་ལས་ཐོན་རྫས་ཀྱི་རིན་ཐང་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཀྱི་ཡོད་པ་རེད།

ད་ལྟ་གཞིས་རྩེའི་མྱང་ཆུའི་ནས་དང་པ་སྣམ་གྱི་སྔོ་ཚལ། གམ་པའི་ལུག གྲོ་མོའི་མོག་རོ། གྲོ་མོའི་ཉ། ཕག་རིའི་འབྲི་གཡག་སོགས་ཀྱི་ཐོན་རྫས་ལྗོངས་ཕྱི་ནང་དུ་སྐད་གྲགས་ཆོད་ཡོད་པ་དང་ཆབས་ཅིག་གཞིས་རྩེ་དང་རྒྱལ་རྩེ། པ་སྣམ་བཅས་མྱང་ཆུའི་རྒྱུད་དུ་གནས་པའི་རྫོང་དང་གྲོང་ཁྱེར་གསུམ་གྱིས་ལྟེ་བའི་ཁུལ་བྱེད་པའི་མུའུ་ཁྲི་ཚོ60ལྷག་ཙམ་གྱི་ནས་ཀྱི་རྟེན་གཞི་བསྐྲུན་པ་དང་། གམ་པའི་ལུག་གི་དཔལ་འབྱོར་ཁུལ་གཏོད་པ། ལོའི་ཐོན་ཚད་སྤྱི་རྒྱ4000ཟིན་པའི་གྲོ་མོའི་མོག་རོའི་ཐོན་སྐྱེད་རྟེན་གཞི་བསྐྲུན་པ་བཅས་བྱས་པ་དང་། ཐོན་སྐྱེད་རྟེན་གཞི་ཆུང་བ་ནས་ཆེ་བའི་བར་དང་ཐོན་སྐྱེད་ནུས་པ་ཞན་པ་ནས་སྟོབས་ཆེའི་བར་འཕེལ་རྒྱས་བཏང་ཡོད་པ་རེད།

 ད་བར་གཞིས་རྩེ་ས་ཁུལ་གྱིས་སྐྱེ་ལྡན་བརྗེ་བསྒྱུར་ཁས་ལེན་དཔང་ཡིག་གཅིག་དང་སྐྱེ་ལྡན་ཐོན་རྫས་ཁས་ལེན་དཔང་ཡིག་བཞི། ཞིང་ལས་ཐོན་རྫས་ས་ཁམས་མཚོན་རྟགས་ཀྱི་ཁས་ལེན་དཔང་ཡིག3བཅས་རེ་ཞུ་ཐུབ་ཡོད་པ་ཕུད། ཧྥང་ཡོན་མཚོན་རྟགས་ཁས་ལེན་དཔང་ཡིག་ཚོགས་པས་གཞིས་རྩེ་ས་ཁུལ་དུ་བོད་བྱ་དང་བོད་སྒོང་། ཨེ་མ་སྒང་གི་ཞོ་ཁོག གམ་པའི་ལུག་བཅས་ཀྱི་ཁ་པ་རིམ་པའི་སྐྱེ་ལྡན་ཐོན་རྫས་ཀྱི་ཁས་ལེན་དཔང་འདོན་ལས་དོན་སྤེལ་བཞིན་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། གཞིས་རྩེ་ས་ཁུལ་གྱིས་ནོར་སྲིད་ཀྱི་རོགས་སྐྱོར་དང་ཁྲལ་འབབ་གཟིགས་སྐྱོང་། དངུལ་རྩའི་རྒྱབ་སྐྱོར། ས་ཞིང་བེད་སྤྱོད་བཅས་ཐད་ཞིང་འབྲོག་ཐོན་ལས་ཅན་གྱི་གཉེར་སྐྱོང་གི་སྣེ་འདྲེན་ཁེ་ལས་གོང་འཕེལ་གཏོང་རྒྱུར་སྔར་བས་རོགས་སྐྱོར་བྱེད་པ་དང་། སྣེ་གཅིག་གིས་ཕྱོགས་ཡོངས་ལ་འཁྲིད་སྟོན་བྱེད་པ། སྟོབས་ཆེ་དང་ཕུལ་བྱུང་གཏོད་པའི་འདུ་ཤེས་འཛུགས་པ། སྤུས་ལེགས་ཐོན་རྫས་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་སྣང་ཆེན་བྱེད་པ་བཅས་བྱས་ཏེ་གཞིས་རྩེ་ས་ཁུལ་གྱི་སྐྱེ་ཁམས་ཞིང་འབྲོག་ལས་གོང་འཕེལ་སྟོབས་ཆེར་གཏོང་རྒྱུར་སྐུལ་སྤེལ་བཏང་ནས་ལོ་ལྔ་ཚན་བཅུ་གསུམ་པའི་རིང་རྒྱལ་ཡོངས་སུ་སྐད་གྲགས་ཆོད་པ་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག