གཟེངས་བསྟོད་ཚོགས་ཆེན་གྱི་ཚོགས་ར།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གྲེན་ཆོན་གོ་སོགས་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་གཟེངས་བསྟོད་ལག་འཁྱེར་གནང་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9པའི་ཚེས25ཉིན་གྱི་སྔ་དྲོ། ཟླ4བའི་ཚེས25ཉིན་གྱི་ས་ཡོམ་གྱི་ཡོམ་འགོག་གེགས་སེལ་དང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ50འཁོར་བའི་རྟེན་འབྲེལ་མཛད་སྒོའི་གཟེངས་བསྟོད་ཚོགས་ཆེན་བོད་ལྗོངས་མི་དམངས་ཚོགས་ཁང་དུ་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གྲེན་ཆོན་གོ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་བློ་མཐུན་ཞིས་ཅིན་ཕེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གི་གསུང་བཤད་གལ་ཆེའི་དགོངས་དོན་ལག་བསྟར་དོན་འཁྱོལ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་བིང་ནས་གནང་བའི་ཕྱག་བྲིས་ཕྱག་བསྟར་མ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་ཞེས་པའི་དགོངས་དོན་ལག་བསྟར་དོན་འཁྱོལ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་ནས་བོད་རང་སྐྱོང་དབུ་བརྙེས་ཏེ་ལོ50འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་རིང་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ50འཁོར་བའི་རྟེན་འབྲེལ་མཛད་སྒོ་ཐུགས་གྲ་ལེགས་འགྲིག་བྱུང་བ་དང་ཡོམ་འགོག་གེགས་སེལ་ལས་དོན་ལ་དུས་རིམ་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་གོ་སྐབས་དང་འགུལ་ཤུགས་སུ་བྱེད་པ་དང་། སྙིང་སྟོབས་འཕེལ་བ་དང་དྲང་ནུས་དར་སྤེལ་གཏོང་བ། བསྒྱུར་བཅོས་གསར་གཏོད་དང་ལས་ཀ་ཏན་ཏིག་སྒྲུབ་པ་བཅས་བྱས་ནས། འགོ་འཛུགས་ས་གསར་པའི་ཐོག་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་པད་མ་འཕྲིན་ལས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་བཞི་པའི 25ཉིན་གྱི་ས་ཡོམ་ཁྲོད་ཐོན་པའི་ཡོམ་འགོག་གེགས་སེལ་གྱི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཏན་འབེབས་སྒྲོག་སྦྱངས་གནང་བ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེ་ཡིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ50འཁོར་བའི་རྟེན་འབྲེལ་མཛད་སྒོའི་ཁྲོད་ཐོན་པའི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཏན་འབེབས་སྒྲོག་སྦྱངས་གནང་བ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཏེང་ཞའོ་ཀང་དང་། དེ་བཞིན་རང་སྐྱོང་ལྗོངས་དང་བོད་དམག་ཁུལ་ཁང་གི་འབྲེལ་ཡོད་དབུ་ཁྲིད་ཀྱང་ཚོགས་འདུར་ཕེབས་ཡོད། ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་པའི་འགོ་ཁྲིད་བློ་མཐུན་གྱིས་གཟེངས་བསྟོད་ཐོབ་མཁན་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་གྱི་འཐུས་མིར་གཟེངས་བསྟོད་ལག་འཁྱེར་དང་བྱ་དགའ་གནང་བ་རེད།

གྲེན་ཆོན་གོ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། རང་སྐྱོང་ལྗོངས་རྟེན་འབྲེལ་ཆེ་མོའི་མཛད་སྒོའི་འགོ་ཁྲིད་ཚོགས་ཆུང་དང་ཡོམ་འགོག་གེགས་སེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་བཅས་ཀྱི་ཚབ་ཞུས་ཏེ། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་སྤྲོ་སེམས་ཆེན་པོས་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ50འཁོར་བའི་རྟེན་འབྲེལ་མཛད་སྒོ་དང་ཡོམ་འགོག་གེགས་སེལ་གྱི་ལས་དོན་ནང་ཧུར་ཐག་ཞུགས་པ་དང་རྒྱབ་སྐྱོར་ཤུགས་ཆེ་བྱེད་མཁན་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས། བོད་སྡོད་མི་དམངས་བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག སྲིད་ཁྲིམས་ལས་བྱེད་པ་དང་ཉེན་རྟོག་པ། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ། རྒྱལ་གཅེས་ཆོས་གཅེས་ཀྱི་གྲྭ་བཙུན་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ50འཁོར་བའི་རྟེན་འབྲེལ་མཛད་སྒོ་དང་ཡོམ་འགོག་གེགས་སེལ་གྱི་ལས་དོན་ནང་དཀའ་བ་ཆེན་པོ་སྤྱོད་པ་དང་སེམས་ནུས་འདོན་མཁན་བློ་མཐུན་ཚོར་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད།

གྲེན་ཆོན་གོ་ནས། རང་སྐྱོང་ལྗོངས་དབུ་བརྙེས་ཏེ་ལོ50འཁོར་བའི་རྟེན་འབྲེལ་མཛད་སྒོ་ཐུགས་གྲ་ལེགས་འགྲིག་བྱུང་བ་དང་། གཟབ་ཅིང་རྒྱས་ལ་སྤྲོ་སེམས་འཁོལ་བའི་ཁར་བག་མེད་ལོངས་སྤྱོད་མ་ཡིན་པ། ཆབ་སྲིད་རང་བཞིན་དང་མང་ཚོགས་རང་བཞིན་མངོན་གསལ་དོད་པ་བཅས་ཡིན་པས། སྤྱི་ཚོགས་ལས་རིགས་ཁག་ཏུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ་དང་མི་རིགས་ཁག་གི་མང་ཚོགས་དགའ་སྤྲོའི་དཔལ་ལ་རོལ་བ། ལྗོངས་ཡོངས་ཀྱི་གོང་འོག་ཚང་མ་དགའ་སྤྲོའི་དཔལ་ལ་རོལ་བ། སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་བཅས་བྱུང་སྟེ་བདེ་འཇགས་ལམ་ལྷོངས་དང་ཞི་མཐུན་ཕུན་ཚོགས་བྱུང་བར་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚད་མཐོའི་གདེང་འཇོག་དང་ཁས་ལེན་གང་ལེགས་ཐོབ་ཡོད། རྟེན་འབྲེལ་མཛད་སྒོ་ཐུགས་གྲ་ལེགས་འགྲིག་བྱུང་བ་དེའི་ཐོག་ནས་བློ་མཐུན་ཞིས་ཅིན་བིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་གནང་ལུགས་མཚོན་པ་དང་། ལོ50རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་བིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་གང་ལེགས་མངོན་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་རྨང་གཞི་བཟང་པོ་དང་ནུས་པ་ལྡན་པའི་ལས་ཀའི་ལམ་སྲོལ་ལ་ཞིབ་བཤེར་གང་ལེགས་བྱས་པ། མཐུན་སྒྲིལ་དང་མཛེས་སྡུག ཞི་མཐུན། བདེ་སྐྱིད་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་བོད་གསར་གྱི་གཟུགས་བརྙན་བཟང་པོ་གང་ལེགས་མཚོན་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་པའི་སྤྲོ་སེམས་ཆེན་པོ་དང་། གདེང་ཚོད་དང་ཆོད་སེམས་སོགས་གང་ལེགས་འཕེལ་ཡོད་ཅེས་མཛུབ་སྟོན་གནང་བ་དང་སྦྲགས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་རྟེན་འབྲེལ་མཛད་སྒོའི་དགའ་སྤྲོ་དེ་རྩ་ཆེའི་སྙིང་སྟོབས་ཀྱི་རྒྱུ་ནོར་དུ་འགྱུར་བ་དང་། བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བ། བསྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལེགས་པར་སྒྲུབ་པའི་དྲང་ནུས་ཆེན་པོར་འགྱུར་བ། སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་རྩོམ་པའི་བྱ་སྤྱོད་ངོ་མར་འགྱུར་བ་བཅས་བྱས་ཏེ། ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པའི་ཐོག་བོད་ཀྱི་བྱ་གཞག་ཁག་ལ་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་པའི་ནན་བཤད་ཀྱང་གནང་བ་རེད།

གྲེན་ཆོན་གོ་ཡིས བཞི་པའི25ཉིན་ས་ཡོམ་བརྒྱབ་རྗེས་བློ་མཐུན་ཞིས་ཅིན་བིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་ཀྱི་རྒྱབ་སྐྱོར་དང་མཛུབ་ཁྲིད་འོག ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མགྱོགས་མྱུར་བྱ་སྤྱོད་སྤེལ་བ་དང་འཕྲལ་ཐག་ཆོད་པོས་བྱ་ཐབས་སྤྱད་དེ། ལྗོངས་ཡོངས་ཀྱི་ཏང་སྲིད་དམག་དང་། ཉེན་རྟོག་པ། མང་ཚོགས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཀུན་སེམས་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་བྱས་པས་ཡོམ་འགོག་གེགས་སེལ་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་ནས། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམས་བྱུང་བ་དང་སླར་གསོ་བསྐྱར་སྐྲུན་ལས་དོན་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བ། ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་བདེ་འཇགས་ཞི་མཐུན་དང་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་བཅས་བྱུང་བས། ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་ཁས་ལེན་གང་ལེགས་དང་སྤྱི་ཚོགས་ལས་རིགས་ཁག་གི་གདེང་འཇོག་གཅིག་མཐན་དུ་ཐོབ་ཡོད་ཅེས་གསུངས་པ་རེད།

 པད་མ་འཕྲིན་ལས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། ཐེངས་འདིའི་ཚོགས་འདུའི་ཐོག་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་བིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་གང་ལེགས་མངོན་ཐུབ་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་སྐྲུན་དགོས་ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་བིང་གི་ཕྱག་བྲིས་ཕྱག་བསྟར་མའི་དགོངས་དོན་མངོན་པ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ50འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་མངོན་པ་བཅས་ཡིན་པས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་ཐེངས་འདིའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་གོ་བ་ཡག་པོ་ལེན་ཐོག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ། རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ50འཁོར་བའི་རྟེན་འབྲེལ་མཛད་སྒོ་དང་ཡོམ་འགོག་གེགས་སེལ་གྱི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་བཟང་པོ་དང་། བསགས་པའི་ཉམས་མྱོང་བཟང་པོ། ཆགས་པའི་སྤྱོད་ཚུལ་བཟང་པོ་བཅས་དེ་དག་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་དོན་ཁག་ལ་སྐུལ་མ་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བ་བྱས་ནས། བསམ་བློ་གཅིག་གྱུར་དང་སྙིང་སྟོབས་རབ་འཕེལ། བསྒྱུར་བཅོས་གསར་གཏོད། དངོས་འཛིན་དངོས་སྒྲུབ་བཅས་ཀྱི་ཐོག་ནས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བདེ་འཁོད་ལ་སྐུལ་མ་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།