ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9པའི་ཚེས28ཉིན་གྱི་སྔ་དྲོ། ཀུན་གྱིས་དོ་སྣང་ཆེན་པོ་བྱེད་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་རིགས་འགྲེམས་ཚོགས་སྐབས་གཉིས་པའི་འགོ་ཚུགས་མཛད་སྒོ་བོད་ལྗོངས་འགྲེམས་ཚོགས་ལྟེ་གནས་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གྲེན་ཆོན་གོ་ཡིས་འགྲེམས་ཚོགས་དངོས་སུ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་རག་སྡིས་རྣམ་གཉིས་གདན་ཞུས་ལྟར་འགོ་ཚུགས་མཛད་སྒོར་ཕེབས་ཡོད། རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཧྲེ་ཧུང་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་རྣམ་གཉིས་ཀྱིས་ཤིས་ཚིག་སྒྲོན་གནང་བ་རེད།

ནེ་པ་ལའི་རིག་གནས་ཡུལ་སྐོར་མཁའ་འགྲུལ་པུའི་དྲུང་ཡིག་ཏཱན་ནི་སི་ཁུ་མཱར་ཐ་པ་ལི་ཡ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་པད་མ་འཕྲིན་ལས། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་སྲིད་གྲོས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། གྲགས་ཅན་དཔལ་འབྱོར་རིག་པ་མཁས་ཅན་ལིན་དབྱིད་ཧྥུའུ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཨན་ཆི་ཡི། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཇེ་བཅས་མཛད་སྒོར་ཕེབས་ཡོད་པ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཏེང་ཞང་ཀང་གིས་མཛད་སྒོ་གཙོ་སྐྱོང་གནང་བ་རེད།

ལི་ཧྲེ་ཧུང་གིས་ཤིས་ཚིག་སྒྲོན་སྐབས་བོད་ལྗོངས་ནི་ཀྲུང་གོའི་ལྷོ་ནུབ་མཐའ་མཚམས་ཀྱི་རྒྱལ་སྒོ་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོ་ཙམ་མ་ཟད་འཛམ་གླིང་ཡུལ་སྐོར་གྱི་འོད་སྟོང་འབར་བའི་མུ་ཏིག་ཅིག་ཀྱང་རེད། བོད་ཀྱི་ཡུལ་སྐོར་ལས་རིགས་ལ་མཆོང་སྐྱོད་ལྟ་བུའི་གོང་འཕེལ་བྱུང་བ་དེས་དཔལ་འབྱོར་འཕར་སྣོན་ལ་ལེགས་སྐྱེས་འབུལ་ཚད་བརྒྱ་ཆ ༢༠ ལས་བརྒལ་ཡོད་ཅེས་གསུངས་པ་དང་། ཡུལ་སྐོར་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་བོད་ཀྱི་ཡུལ་སྐོར་ཁྲོམ་རའི་གཞི་ཁྱོན་ཆེ་རུ་བཏང་སྟེ། ཕྱོགས་ཡོངས་ནས་བོད་ཀྱི་ཡུལ་སྐོར་ལས་རིགས་ཀྱི་སྐད་གྲགས་དང་སྙན་གྲགས་ཆེ་རུ་བཏང་ནས། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དེ་བས་མང་བ་བོད་དུ་ཡུལ་སྐོར་ལ་ཡོང་རྒྱུའི་ཡིད་དབང་འགུག་རྒྱུ་དང་། ཡུལ་སྐོར་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་བོད་ཀྱི་ཡུལ་སྐོར་ཕྱི་ཕྱོགས་སུ་སྒོ་མོ་དབྱེ་མགྱོགས་སུ་གཏོང་རྒྱུ་དང་། ཐུན་མོང་ཐོག་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ། བོད་ལྗོངས་དངོས་རིགས་འགྲེམས་ཚོགས་དེ་བོད་ཀྱི་ཡུལ་སྐོར་ཕྱི་ཕྱོགས་སུ་སྒོ་མོ་དབྱེ་བའི་གལ་ཆེའི་དཀར་ཁུང་ཞིག་ཏུ་འགྱུར་བ་བྱེད་རྒྱུའི་རེ་བ་ཡོད་ལ། རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས། སྔར་རྒྱུན་བཞིན་བོད་ཀྱི་ཡུལ་སྐོར་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། བོད་ལྗོངས་འདི་ཉིད་འཛམ་གླིང་གི་ཡུལ་སྐོར་དམིགས་སར་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་གཏོང་བ། ཡུལ་སྐོར་གོང་འཕེལ་བཏང་བ་བརྒྱུད་བོད་ཀྱི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ཡིན་ཞེས་གསུངས་པ་རེད།

བློ་བཟང་རྒྱལ་མཚན་གྱིས་ཤིས་ཚིག་སྒྲོན་སྐབས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། བོད་ལྗོངས་དངོས་རིགས་འགྲེམས་ཚོགས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གི་ཚབ་གནང་ནས་བོད་ལྗོངས་དངོས་རིགས་འགྲེམས་ཚོགས་ལ་ཕེབས་པའི་སྐུ་མགྲོན་ལྷན་རྒྱས་དང་གྲོགས་པོ་ལྷན་རྒྱས་ལ། སྤྲོ་སེམས་འཁོལ་བའི་དགའ་བསུ་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་བ་རེད། བློ་བཟང་རྒྱལ་མཚན་ནས། བོད་ཀྱིས་སླད་ཕྱིན་རྒྱལ་ཁབ་ཕྱི་ནང་ལ་སྒོ་མོ་དབྱེ་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་དང་། ཨེ་ཤི་ཡ་ཤར་ལྷོའི་རྒྱལ་ཁབ་དང་ཡུལ་སྐོར་རིག་གནས་སྤེལ་རེས་བྱེད་པའི་སྒོ་མོ་རྒྱ་ཆེར་དབྱེ་རྒྱུ་ཡིན་པས། རྒྱལ་ཁབ་རིག་གནས་པུའུ་དང་རྒྱལ་ཁབ་ཡུལ་སྐོར་ཅུས། བོད་རང་སྐྱོང་ལྗོངས་བཅས་ཀྱི་ཐུན་མོང་འབད་བརྩོན་འོག་དང་། རྒྱལ་ཡོངས་ཀྱི་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར། ལས་རིགས་ཁག་བཅས་ཀྱི་གྲོགས་པོ་ཚོའི་ཤུགས་ཆེའི་རྒྱབ་སྐྱོར་འོག སྐབས་འདིའི་བོད་ལྗོངས་དངོས་རིགས་འགྲེམས་ཚོགས་འདི་ཉིད་མཛའ་གྲོགས་མཉམ་ལས་ཟབ་ཏུ་གཏོང་བ་དང་། ཡུལ་སྐོར་རིག་གནས་ལ་སྐུལ་སྤེལ་གཏོང་བའི་འདུ་ཚོགས་གཟབ་རྒྱས་ཤིག་ཏུ་གཉེར་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད། ང་ཚོས་ལག་གདང་སྦྲེལ་ནས་མཉམ་དུ་མདུན་བསྐྱོད་བྱེད་པ་དང་། ཡུལ་སྐོར་རིག་གནས་ཐོན་ལས་གོང་འཕེལ་ཤུགས་ཆེ་དང་དར་རྒྱས་ཆེན་པོ་ཡོང་བ་བྱས་ཏེ། ཐུན་མོང་ཐོག་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས་ཞེས་གསུངས་པ་རེད།

སྔ་དྲོའི་ཆུ་ཚོད་བཅུ་དང་སྐར་མ་ཉི་ཤུའི་ཐོག་གྲེན་ཆོན་གོ་ཡིས། ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་རིགས་འགྲེམས་ཚོགས་སྐབས་གཉིས་པ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། བོད་ལྗོངས་དངོས་རིགས་འགྲེམས་ཚོགས་ཀྱི་རིག་རྩལ་འཁྲབ་སྟོན་ཡང་གཟབ་ཅིང་རྒྱས་ལ་སྤྲོ་སེམས་འཁོལ་བ་དང་བཀྲ་ཤིས་རྟེན་འབྲེལ་གྱི་རྣམ་པའི་ཁྲོད་དངོས་སུ་འགོ་ཚུགས་པ་རེད། གནའ་ཉམས་དོད་ལ་ཉམས་དགའ་བའི་ལྷ་མོའི་རྣམ་ཐར་དང། ཐུན་མོང་མ་ཡིན་པའི་སྔ་མོའི་སྙན་དབྱངས། ས་གནས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་ཞབས་བྲོ་བཅས་གཅིག་མཇུག་གཉིས་མཐུད་ངང་འཁྲབ་སྟོན་བྱས་པ་རེད། འགོ་ཚུགས་མཛད་སྒོའི་འཁྲབ་སྟོན་ཧྲིལ་པོ་འཁྲུག་ཆ་དོད་པ་དང་མཐོ་རླབས་ཆེས་ཆེར་འཕྱུར་ནས། གནས་མཆོག་ལྷ་ས་དང་མཛེས་སྡུག་ལྡན་པའི་གཞིས་རྩེ། བོད་ཀྱི་འབྱུང་ཁུངས་ལྷོ་ཁ། མཛེས་པའི་ཉིང་ཁྲི། ཡངས་ཤིང་རྒྱ་ཆེ་བའི་བྱང་ཐང་ནག་ཆུ། ལྐོག་འགྱུར་གྱི་མངའ་རིས། བློ་ཁོག་ཆེ་བའི་ཆབ་མདོ་བཅས་ཀྱིས་རང་སོ་སོའི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་རིག་གནས་འཛམ་གླིང་སྐྱེ་འགྲོ་ཀུན་གྱི་མིག་མདུན་དུ་མངོན་པར་བྱས་པ་དང་། མི་ཡུལ་གྱི་གནས་མཆོག མཁའ་དབྱིངས་ཀྱི་བོད་ལྗོངས་ཞེས་པའི་ལོ་རྒྱུས་རིག་གནས་དང་གསོན་ཉམས་ལྡན་ལ་ཐུན་མོང་མ་ཡིན་པའི་སྣ་མང་རིག་གནས་ཡུལ་ལྗོངས། སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་གནའ་ཤུལ། ཞུམ་མེད་ཡར་ཐོན་གྱི་དུས་རབས་གསར་པའི་ཉམས་འགྱུར་བཅས་འཛམ་གླིང་ཡོངས་ལ་བརྒྱུད་བསྒྲགས་བྱས་པ་རེད། འགོ་ཚུགས་མཛད་སྒོ་ཡང་བོད་ལྗོངས་དངོས་རིགས་འགྲེམས་ཚོགས་ཀྱི་གཙོ་དོན་གླུ་གཞས་བོད་དུ་མཉམ་འཛོམས་བྱེད་ཅེས་པའི་ཁྲོད་བདེ་བླག་ངང་མཇུག་སྒྲིལ་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།