ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9བའི་ཚེས29དང30ཉིན། བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་དྲུག་པ་ལྷ་སར་འཚོགས་པ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གྲེན་ཆོན་གོ་ཚོགས་འདུར་ཕེབས་ཡོད་པ་རེད། ཀྲུང་གོ་ཚན་རིག་མཐུན་ཚོགས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཀྲང་ཇིན་གྱིས་ཤིས་ཚིག་སྒྲོན་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཇེ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

ཝུའུ་དབྱིང་ཇེ་ནས། ལྗོངས་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་ལྔ་པ་འཚོགས་ཚུན། ལྗོངས་ཡོངས་ཀྱི་རིམ་ཁག་ཚན་རིག་མཐུན་ཚོགས་ཀྱིས་ལྗོངས་ཏང་ཨུད་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ཕྱོག་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་རྒྱུན་འཁྱོངས་དང་ཏང་གི་བོད་སྐྱོང་ཐབས་ཇུས་རྒྱུན་འཁྱོངས། ཁྲིམས་བཞིན་བོད་སྐྱོང་དང་དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་སྒྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་གལ་ཆེའི་རྩ་དོན་རྒྱུན་འཁྱོངས་བཅས་བྱས་ཐོག ཏང་གི་ལྟེ་བའི་ལས་དོན་དང་དམ་པོར་བསྟུན་པ་དང་འབྲེལ་ཟམ་གྱི་ནུས་པ་འདོན་སྤེལ་གང་ཡོད་ཀྱིས་ལྗོངས་ཡོངས་ཀྱི་བསྒྱུར་འཕེལ་བརྟན་གསུམ་གྱི་ཆེད་དུ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་པ་རེད།

ཝུའུ་དབྱིང་ཇེ་ནས། ལྗོངས་ཡོངས་ཀྱི་རིམ་ཁག་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱིས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལྟར། ཆབ་སྲིད་རང་བཞིན་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་རྒྱུར་དམིགས་པ་དང་ཤེས་ལྡན་པའི་ཐོན་ཁུངས་ཨང་དང་པོའི་ནུས་པ་འདོན་སྤེལ་བྱེད་རྒྱུར་གཞི་ཚུགས་ཏེ། སློབ་གསོའི་ཁྲིད་སྟོན་གཏིང་ཟབ་ཏུ་གཏོང་བ་དང་ཚན་རྩལ་ལས་དོན་པའི་ཆབ་སྲིད་ཁ་ཕྱོགས་སྔར་བས་བརྟན་དུ་བཏང་སྟེ། རང་འགུལ་ངང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་ཚན་རྩལ་གྱིས་དམངས་ལ་ཕན་པ་སྒྲུབ་པའི་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། འབྲེལ་གཏུགས་ཞབས་ཞུ་ལེགས་བཅོས་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་འབྲེལ་གཏུགས་ཐབས་ལམ་རྒྱ་ཆེར་གཏོང་བ་དང་ཞབས་ཞུའི་གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་སྟེ་ཚན་རྩལ་ལས་དོན་གྱི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་དགོས་པ། ནུས་པ་འདོན་སྤེལ་གང་ལེགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ནུས་པའི་བྱང་ཚད་མཐོ་རུ་གཏོང་བ་དང་སྐུལ་ལྕག་ལམ་སྲོལ་འཐུས་ཚང་བཟོས་ཏེ་ཚན་རྩལ་ལས་དོན་པ་ཚོ་བསྒྱུར་འཕེལ་བརྟན་གསུམ་གྱི་འཐབ་ས་གཙོ་བོའི་ཁྲོད་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱེད་དགོས་པ། ཚན་རྩལ་ཁྱབ་གདལ་གཏོང་བའི་ཆུ་ཚད་མཐོ་རུ་བཏང་སྟེ་སྔར་ལས་ལྷག་པའི་སྒོ་ནས་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་བཏང་ཐོག སྤྱི་ཚོགས་ཤེས་དཔལ་ཡར་ཐོན་ཕྱོགས་སུ་ཁྲིད་སྟོན་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་དང་ཆབས་ཅིག རིམ་ཁག་ཏང་ཨུད་ཀྱིས་ཚན་རྩལ་མཐུན་ཚོགས་ཀྱི་ལས་དོན་ལ་གཅིག་གྱུར་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་དང་ལེགས་བཅོས་བྱས་ནས་འབྲེལ་ཡོད་ལས་ཀར་ཇུས་འགོད་ཀྱིས་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ། འགོ་འཛུགས་ས་གསར་པའི་ཐོག་བོད་ཀྱི་ཚན་རྩལ་གོང་འཕེལ་དང་ཚན་རྩལ་མཐུན་ཚོགས་ལས་ཀའི་རྣམ་པ་གསར་པ་གཏོད་དགོས་པའི་ནན་བཤད་གནང་བ་རེད།

ཀྲང་ཇིན་ནས། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱིས་བོད་ཀྱི་ཚན་རྩལ་ཁྱབ་གདལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་ཚན་རྩལ་ཁྱབ་གདལ་ཐོན་ཁུངས་ཀྱི་གསར་སྤེལ་དང་མཉམ་དུ་ལོངས་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། ཤེས་ལྡན་མི་སྣའི་སྤེལ་རེས་དང་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། བོད་སྐྱོར་ཚན་རྩལ་གྱི་ཕན་འབྲས་མཐོར་གཏོང་ལས་གཞི་མུ་མཐུད་ལག་བསྟར་ཡག་པོ་བྱེད་རྒྱུ། རྒྱུན་ཆད་མེད་པར་ཚན་རིག་ལག་རྩལ་མཐུན་ཚོགས་ཁོངས་གཏོགས་ཀྱི་བོད་སྐྱོར་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་བཅས་བྱས་ཏེ་བོད་ལྗོངས་གོང་འཕེལ་ཡོང་ཆེད་ནུས་པ་དང་ལྡན་པའི་ཚན་རྩལ་དང་རིག་སྟོབས་ཀྱི་འདེགས་སྐྱོར་བྱེད་རྒྱུ་རེད་ཅེས་མཛུབ་སྟོན་གནང་བ་རེད།

ཚོགས་འདུའི་ཐོག ད་དུང་ལྗོངས་ཡོངས་ཀྱི་ཚན་རྩལ་ལས་དོན་པར་བསྐུར་བའི་གྲོས་གཞི་འདོན་ཡིག་སྒྲོག་སྦྱང་བྱས་པ་དང་སྤྱི་ལོ2015ལོའི་རྒྱལ་ཡོངས་ཀྱི་གཞི་རིམ་ཚན་རྩལ་ཁྱབ་གདལ་བྱ་སྤྱོད་ཀྱི་འཆར་གཞིའི་བྱ་དགའི་ཁ་གསབ་སྤྲོད་དགོས་སའི་ལས་ཁུངས་དང་མི་སྒེར། དེ་བཞིན་སྤྱི་ལོ2011ལོ་ནས་སྤྱི་ལོ2015ལོའི་བར་གྱི་ལྗོངས་ཡོངས་ཀྱི་ཚན་རིག་ལག་རྩལ་མཐུན་ཚོགས་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་ལས་དོན་པ་བཅས་ལ་གཟེངས་སྟོད་བྱས་པ་མ་ཟད་ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)བདུན་གྱི་སློབ་འབྲིང་ཚན་རྩལ་ཁང་ལ་སྒོ་བྱང་སྤྲད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།

བོད་ལྗོངས་ཀྱིས་རྒྱང་རིང་གི་ཤང་གྲོང་ཁག་ཏུ་གཞུང་ལམ་ཇེ་མང་སྐྲུན་རྒྱུ་ཡིན་པ།