ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་ཀྱི་དབུལ་སྐྱོར་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་རིང་ལ། བོད་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་མགོ་ཁྲིད་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཁང་གིས་རྒྱབ་སྐྱོར་ཆེན་པོ་འོག ལྗོངས་ཡོངས་ཀྱི་དབུལ་སྐྱོར་བྱ་བ་དེ་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཆར་འགོད་ཀྱི་ལས་འགན་ལ་དམིགས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་རྨང་གཞི་ཇེ་བརྟན་དུ་བཏང་བ་དང་། མང་ཚོགས་དབུལ་གྲོལ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་བཏང་ནས། ཞིང་ཕྱུགས་ལས་ཀྱི་ཐོན་ཚད་འཕར་བ་དང་ཡོང་སྒོ་འཕར་བར་ཤུགས་བསྣན་བྱས་པ་བརྒྱུད། ད་ལོར་བོད་ལྗོངས་ཀྱིས་དབུལ་ཕོངས་མི་གྲངས་ཁྲི10ཇེ་ཉུང་དུ་གཏོང་རྩིས་ཡོད།

2015ལོར་བོད་ལྗོངས་ཀྱིས་བསྡོམས་པས་རྒྱལ་ཁབ་ནོར་སྲིད་ཀྱི་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་སྒོར་ཁྲི167516བཏང་བ་དང་། དེའི་ཁྲོད་ཀྲུང་དབྱང་གིས་མ་དངུལ་སྒོར་ཁྲི136316ཡོད་པ་དང་། བོད་ལྗོངས་ཀྱི་མ་དངུལ་སྒོར་ཁྲི31200ཡོད། ཤང་ཡོངས་སྐུལ་སྤེལ་དང་། སྡེ་ཡོངས་སྐུལ་སྤེལ་གྱི་ཚོད་ལྟའི་ས་ཚིགས་བསྐྲུན་པ་དང་། དབུལ་སྐྱོར་དཀའ་གནད་གྲོལ་བའི་ཚོད་ལྟའི་བྱ་བ་སྤེལ་ཏེ། རིགས་སོ་སོའི་རྣམས་གྲངས900ལྷག་ལག་བསྟར་བྱས།

བོད་ལྗོངས་ཡོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར3བཏང་སྟེ། གྲོང་ཚོ30ཡི་གནས་སྐོར་དབུལ་སྐྱོར་ཚོད་ལྟའི་ས་ཚིགས་བསྐྲུན་ནས། དབུལ་ཕོངས་ས་ཁུལ་འཕེལ་རྒྱས་བྱུང་བ་དང་། དབུལ་ཕོངས་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་བྱུང་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་།

2015ལོའི་ལོ་སྟོད་དུ། ལྗོངས་ཡོངས་ཀྱི་དབུལ་སྐྱོར་བྱ་བའི་ཚོགས་འདུའི་སྟེང་། བོད་ལྗོངས་སྲིད་གཞུང་དང་ས་ཁུལ་དང་གྲོང་ཁྱེར་སོ་སོ་བར་དབུལ་ཕོངས་མི་གྲངས་ཁྲི10ཇེ་ཉུང་དུ་གཏོང་བའི་འགན་འཁྲིའི་ཡི་གེ་བཀོད། ལོ་གཅིག་གི་རིང་ལ། ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་མང་པོ་བསྡུས་ཏེ། དབུལ་སྐྱོར་བྱ་བའི་གནས་ཚུལ་ཞུ་བར་ཉན་པ་དང་། ལྗོངས་ཡོངས་ཀྱི་དབུལ་སྐྱོར་གནས་ཚུལ་ལ་དབྱེ་ཞིབ་བྱས་ཏེ། དབུལ་སྐྱོར་གསར་སྤེལ་བྱ་བ་བཀོད་སྒྲིག་བྱས་ནས། ངོས་འཛིན་མཐོར་འདེགས་བྱེད་དགོས་པ་དང་། གཏིང་གསལ་བོ་ལོན་པ། དམིགས་འབེན་ངེས་འཛིན་གསལ་བོ་དང་། འཆར་འགོད་ཞིབ་མོ་བཟོས་ཏེ། བྱེད་ཐབས་ལས་དངོས་ཕན་ཐོབ་རྒྱུ་དང་། འགན་འཁུར་དངོས་འབེབས་བྱེད་རྒྱུའི་བླང་བྱ་དྲུག་བཏོན་པ་རེད།

དབུལ་སྐྱོར་རྣམ་པ་སྔར་ལས་འཐུས་ཚང་དུ་གཏོང་ཆེད། ད་ལོར་བོད་ལྗོངས་ཀྱིས《སྤྱི་ཚོགས་ཀྱི་ཕྱོགས་སོ་སོ་ནུས་ཤུགས་སྐུལ་སྤེལ་བྱས་ཏེ་དབུལ་སྐྱོར་གསར་སྤེལ་བྱ་བའི་ཁྲོད་ཞུགས་པའི་ལག་བསྟར་བསམ་འཆར》གཏན་འབེབས་བྱས་ཏེ། ཏང་ཡོན་མགོ་ཁྲིད་དང་ལས་བྱེད་པས་ཁ་གཏད་དབུལ་སྐྱོར་བྱེད་རྒྱུ་དང་། གནས་ཁེལ་དབུལ་སྐྱོར། བོད་སྐྱོར་དབུལ་སྐྱོར། ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་སོགས་ལས་རིགས་སོ་སོ་དབུལ་སྐྱོར་བྱ་བའི་ཁྲོད་ཞུགས་པའི་བྱེད་ཐབས་བྱེ་བྲག་བཟོས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།