ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གནས་ཚུལ་འབྱོར་གསལ། ཀྲུང་དབྱང་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུ་ཟླ་11ཚེས་27ཉིན་དང་28ཉིན་པེ་ཅིང་དུ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚོགས་འདུའི་ཐོག་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་གདོང་མཆོང་དུང་བརྡ་བཏང་ཟིན། ང་ཚོས་ཡུས་ཀུང་གིས་རི་བོ་སྤོ་བ་ལྟར་གྱི་ཆོད་སེམས་འཇོག་པ་དང་། དམིགས་འབེན་ཡང་བཙུགས་ཟིན་པས་དཀའ་སྤྱད་དངོས་སྒྲུབ་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་རྒྱག་པ་བཅས་བྱས་ནས2020ལོར་སླེབས་སྐབས་ས་ཁུལ་དབུལ་པོ་དང་མི་འབོར་དབུལ་པོ་ཚང་མ་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་རྒྱུའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཚགས་པར་དང་། དྲ་རྒྱ། བརྙན་འཕྲིན། སྐད་འཕྲིན་སོགས་རིགས་ཁག་གི་སྨྱན་སྦྱོར་ཐོག་སྤེལ་རྗེས་རང་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད། ཚང་མས་དབུལ་སྒྲོལ་གསར་སྤེལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་པོ་བྱེད་པ་དང་། བསམ་བློ་གཅིག་གྱུར་དང་སྙིང་སྟོབས་ཆེར་སྐྱེད་བྱེད་པ། སྒྱུར་བཅོས་གསར་གཏོད་དང་ལས་དོན་ཏན་ཏིག་སྒྲུབ་པ་བཅས་བརྒྱུད་དེ་བས་གསལ་བའི་དམིགས་ཚད་དང་། དེ་བས་ནུས་ལྡན་གྱི་བྱེད་ཐབས། དེ་བས་ནུས་ལྡན་གྱི་བྱ་སྤྱོད་བཅས་ལ་བརྟེན་ནས་གནད་སྨིན་དབུལ་སྐྱོར་གྱི་ཇུས་ཆེན་ལག་བསྟར་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་སྔ་ཙམ་བདེ་སྡོད་ལས་བརྩོན་དང་།

འགན་སྲུང་ནུས་ལྡན། ཁྱིམ་གཞིས་མཛེས་སྡུག་ལྡན་པ། མི་རིགས་མཐུན་སྒྲིལ། ཤེས་དཔལ་ཞི་མཐུན་བཅས་ཀྱི་ཕྱོགས་ཡོངས་འབྱོར་འབྲིང་གི་འཚོ་བ་གསར་པ་སྐྱེལ་ཐུབ་པ་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

“ཀྲུང་དབྱང་གིས་དབུལ་སྒྲོལ་གསར་སྤེལ་ལས་དོན་ཚོགས་འདུ་འཚོགས་པ་དེ་ཐོག་ནས་ཏང་ཀྲུང་དབྱང་གིས་དབུལ་སྒྲོལ་གསར་སྤེལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་མཚོན་པ་དང་། ཀྲུང་དབྱང་གིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་སྲ་ཞིང་བརྟན་པའི་ཆོད་སེམས་མངོན་གསལ་དོད་དུ་གཏོང་བ། ཕྱོགས་ཀུན་ནས་དབུལ་པོར་ཕར་རྒོལ་བྱེད་པའི་བརྡ་རྟགས་དྲག་པོ་མངོན་པ་བཅས་བྱས་ཡོད”རང་ལྗོངས་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་ནི་དབུལ་པོར་གནད་སྨིན་དམིགས་པ་དང་། དུད་ཚང་དུ་རོགས་སྐྱོར་བྱེད་རྒྱུ་ལག་བསྟར་བྱེད་པ། དབུལ་པོའི་མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་དང་ཆེས་རྩ་བའི་ཁེ་ཕན་གྱི་གནད་དོན་སྔོན་ལ་ཐག་གཅོད་བྱེད་དགོས། གསར་སྤེལ་བརྒྱུད་རིམ་ཁྲོད་ཞིང་འབྲོག་མང་ཚོགས་ཀྱི་ནུས་པ་གཙོ་བོ་འདོན་སྤེལ་གང་ལེགས་བྱེད་པ་དང་། གསར་སྤེལ་ཁྲོད་ཞིང་འབྲོག་པའི་གནས་བབ་གཙོ་བོར་བཞག་ནས་ཁོང་ཚོ་གསར་སྤེལ་གྱི་གཙོ་བོ་དང་ཕན་པ་ཐོབ་མཁན་གཙོ་བོར་འགྱུར་བ་བྱས་ནས་མཐར་མ་འཇོག་གི་གཙོ་བོར་འགྱུར་པ་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གདོང་མཆོང་གི་དུས་མཚམས་སུ་སླེབས་པས“གཞན་བརྟེན་འཕེལ་རྒྱས”ནི་གལ་ཧ་ཅང་ཆེ་བ་ཞིག་ཡིན། འོན་ཀྱང་ཕུགས་ནས་བལྟས་ཚེ་ས་ཁུལ་དབུལ་པོའི་རྣམ་པ་རྦད་དེ་འགྱུར་ལྡོག་གཏོང་བར་མཐར་མི་དམངས་མང་ཚོགས་རང་ཉིད་ཀྱི་དཀའ་སྤྱད་ངལ་རྩོལ་ལ་བརྟེན་དགོས། ལྗོངས་ཡོངས་ཀྱི་དབུལ་སྒྲོལ་གསར་སྤེལ་དེ་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་གིས་དབུལ་སྒྲོལ་གསར་སྤེལ་ལས་དོན་གྱི་ཁྱོན་ཡོངས་ལ་གཅིག་འདོམས་བྱེད་པ་དང་། གནད་སྨིན་དབུལ་སྐྱོར་ལག་བསྟར་ཤུགས་ཆེན་བྱེད་པ། ས་ཁོངས་ཀྱི་འཕེལ་རྒྱས་སྐུལ་ཁྲིད་ནུས་པ་ཆེ་རུ་ཧུར་ཐག་གཏོང་བ། སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཐོན་ལས་འཕེལ་རྒྱས་ཀྱི་ཚད་གཞི་མཐོ་རུ་གཏོང་བ། དབུལ་སྐྱོར་བྱེད་སྟངས་བརྟན་དུ་གཏོང་བ་བཅས་བྱས་ནས་ནང་ངོས་ཀྱི་འཕེལ་རྒྱས་སྒུལ་ཤུགས་ཆེ་རུ་གཏོང་དགོས་ཞེས་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་འཇམ་དཔལ་གྱིས་བཤད།

ཀྲུང་གོ་ཞིང་ལས་དངུལ་ཁང་ཉིང་ཁྲི་ཡན་ལག་དངུལ་ཁང་གི་ཧང་ཀྲང་ཝང་ཧུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུའི་དངུལ་རྩའི་དབུལ་སྐྱོར་ལས་དོན་ཡག་པོ་བསྒྲུབས་ནས་གྲོང་གསེབ་ཀྱི་དངུལ་རྩའི་སྒྱུར་བཅོས་གསར་གཏོད་གོམ་སྟབས་མགྱོགས་སུ་གཏོང་དགོས་ཞེས་ནན་བཤད་གནང་བ་དེ་ནི་ང་ཚོར་དངུལ་རྩའི་དབུལ་སྐྱོར་ལས་དོན་སྤེལ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་བ་དང་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཡིད་རྟོན་དངུལ་བུན་དབུལ་སྐྱོར་དང་སྤྱི་ཚོགས་དབུལ་སྐྱོར་ཕྱོགས་གཉིས་ཐད་དངུལ་རྩའི་དབུལ་སྐྱོར་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས། དབུལ་སྐྱོར་སྐྱེད་སྤྲོད་དངུལ་བུན་གཏོང་ཡུལ་དེ་དབུལ་པོའི་མང་ཚོགས་ནས་འཇོན་ཐང་ཅན་གྱི་དུད་ཆེན་དང་། ཞིང་ལས་ཐོན་ལས་ཅན་གཉེར་སྐྱོང་སྣེ་འདྲེན་ཁེ་ལས། ཞིང་འབྲོག་པའི་དཔལ་འབྱོར་མཉམ་ལས་རྩ་འཛུགས། དབུལ་སྐྱོར་སྣེ་འདྲེན་ཁེ་ལས་བཅས་སུ་ཁྱབ་རྒྱུ་དང་ཡིད་རྟོན་དངུལ་བུན་དབུལ་སྐྱོར་དེ་གཅིག་སྡུད་ཡུག་སྦྲེལ་ས་ཁོངས་ཀྱི་ཞིང་འབྲོག་པའི་ཐོན་འཕར་འབབ་འཕར་དང་དབུལ་སྒྲོལ་ཕྱུག་འགྱུར་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་རྒྱབ་སྐྱོར་བྱེད་པའི་སྟོབས་ཤུགས་གལ་ཆེན་དུ་གྱུར་ཡོད། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་དབུལ་སྐྱོར་དངུལ་བུན་གྱི་སྲིད་ཇུས་ཁྱབ་ཚད་དེ་ལྗོངས་ཡོངས་ཀྱི་འབྱོར་འབྲིང་དུད་ཚང་ཕུད་པའི་ཞིང་འབྲོག་པ་ཚང་མར་སྣུར་བསྲིང་བྱས་པ་དང་སྲིད་ཇུས་རྦད་དེ་ཁྱབ་རྒྱུ་མངོན་འགྱུར་བྱས་ཏེ་ཞིང་འབྲོག་ལས་ཐོན་འཕར་དང་ཞིང་འབྲོག་པའི་འབབ་འཕར་ལ་གསོན་ཤུགས་བསྣན་ནས་མང་ཚོགས་ཚོས་དངུལ་རྩའི་དབུལ་སྐྱོར་ལས་བྱུང་བའི་དངོས་ཕན་དེ་བས་ལེགས་པའི་ངང་ལོངས་སུ་སྤྱོད་རྒྱུ་དང་ཞིང་འབྲོག་མང་ཚོགས་ཀྱི་དབུལ་སྒྲོལ་ཕྱུག་འགྱུར་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ཡིན་ཞེས་བཤད།

སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཚོགས་འདུའི་ཐོག་དབུལ་སྒྲོལ་ཕྱུག་འགྱུར་བྱེད་པར་མཐར་དབུལ་པོའི་མང་ཚོགས་ཚོས་རང་ཉིད་ཀྱི་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་མངོན་འགྱུར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། འདི་ལོ་ལོ60ལ་སོན་པའི་མཚམས་གཅོད་ནི་སྟོད་ལུང་བདེ་ཆེན་རྫོང་རྒུ་རུམ་ཤང་དགའ་གྲོང་གྲོང་ཚོའི་གྲོང་མི་ཡིན་པ་དང་ཁྱིམ་དུ་མི་གསུམ་ལས་མེད་པས་ངལ་ནུས་མི་འདང་སྟབས་ཁྱིམ་ཚང་དབུལ་པོར་གྱུར་ཡོད། 2013ལོར་རྫོང་དབུལ་སྐྱོར་གཞུང་དོན་ཁང་གིས་འབྲེལ་བ་བཙུགས་པའི་འོག་མཚམས་གཅོད་དགའ་གྲོང་གྲོང་ཚོའི་བོད་བྱ་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གི་རོགས་སྐྱོར་བྱ་ཡུལ་དུ་གྱུར། མཉམ་ལས་ཁང་གིས་ལོ་ལྟར་ཁོང་ལ་རིན་མེད་ངང་བྱ་ཕྲུག་སྤྲོད་པ་དང་འབྲེལ་བོད་བྱའི་སྒོ་ང་བསྡུ་ཉོ་བྱ་རྒྱུའི་འགན་འཁུར་ཡོད། ན་ནིང་ཁོང་ཚོའི་ཁྱིམ་གྱི་ཡོང་འབབ་སྒོར5000ལས་བརྒལ་ཁར་ལོ་མཇུག་ཏུ་མཉམ་ལས་ཁང་གིས་ཁེ་སྤོགས་སྒོར1800བགོ་བཤའ་བརྒྱབ་ཡོད།

སྟོད་ལུང་བདེ་ཆེན་རྫོང་རྒུ་རུམ་ཤང་དགའ་གྲོང་གྲོང་ཚོའི་བོད་བྱ་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་སྐལ་བཟང་ཚེ་རིང་གིས་ལག་ཐོགས་ཁ་པར་གྱི་སྐད་འཕྲིན་སྟེགས་བུ་བརྒྱུད་ཀྲུང་དབྱང་གིས་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུ་འཚོགས་པའི་གནས་ཚུལ་མཐོང་བྱུང་བས་འཕྲལ་མར་དེ་དག་མཉམ་ལས་ཁང་གི་མང་ཚོགས་ཚོར་བརྒྱུད་སྤེལ་བྱས་པ་ཡིན། ན་ནིང་སྲིད་གཞུང་གིས་དབུལ་སྐྱོར་མ་དངུལ་སྒོར་ཁྲི70བཏང་ནས་མཉམ་ལས་ཁང་གི་གསོ་ཚགས་གཞི་ཁྱོན་སྔར་བས་ཆེ་རུ་བཏང་བ་དང་འབྲེལ་ཁྱིམ་ཚང་དབུལ་པོ70ལ་རོགས་སྐྱོར་བྱས་ཡོད། སྲིད་གཞུང་གིས་རོགས་སྐྱོར་བྱས་སྟབས་དུད་ཚང་དབུལ་པོའི་གཞི་རྩའི་འཚོ་བའི་གནད་དོན་ཐག་གཅོད་བྱུང་བ་མ་ཟད་ཡོང་འབབ་ཀྱང་ལོ་རེ་བཞིན་མང་དུ་ཕྱིན་ཡོད། འདི་ལོ་ང་ཚོས་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་པ་དང་། མཉམ་ལས་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། བོད་བྱ་གསོ་ཚགས་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་ཚོང་བྱེད་པ། རང་ཉིད་ཀྱི་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་དབུལ་སྒྲོལ་གྱི་དམིགས་ཚད་མངོན་འགྱུར་བྱེད་པ། གྲོང་མི་ཚོ་དང་མཉམ་དུ་ཕྱུག་འགྱུར་ལམ་བུར་སྐྱོད་པ། འབྱོར་ཕྱུག་གི་འཚོ་བ་སྐྱེལ་བ་བཅས་བྱས་ནས་ཐུན་མོང་ཐོག་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུ་ཡིན་ཞེས་བཤད་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།