ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ12པའི་ཚེས2ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེ་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སུ་ཕེབས་ནས་ཆབ་མདོའི་སྒྱུར་འཕེལ་བརྟན་གསུམ་སོགས་ཀྱི་ལས་དོན་བསྒྲུབས་ཚུལ་ཐད་བརྟག་ཞིབ་གནང་བ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་2ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེ་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སུ་ཕེབས་ནས་ཆབ་མདོའི་སྒྱུར་འཕེལ་བརྟན་གསུམ་སོགས་ཀྱི་ལས་དོན་བསྒྲུབས་ཚུལ་ཐད་བརྟག་ཞིབ་གནང་བ་རེད། ཁོང་གིས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་བྱས་ནས་དམངས་འཚོའི་ཕྱོགས་སྟོན་མངོན་གསལ་དོད་པོ་དང་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་ཡོང་བ་བྱས་ནས་ཁ་རུབ་ཀྱི་ཞི་མཐུན་བརྟན་ལྷིང་གི་རྣམ་པ་གསར་པ་ཐུན་མོང་ཐོག་གཏོད་དགོས་པའི་ནན་བཤད་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ནོར་བུ་དོན་གྲུབ་ཀྱིས་བརྟག་ཞིབ་ལ་ཕེབས་རོགས་ཞུས་པ་རེད།

བོད་ཤར་རྒྱུད་ཀྱི་དགེ་ལུགས་པའི་གདན་ས་ཆེ་ཤོས་བྱམས་པ་གླིང་དགོན་དུ་དགོན་པའི་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བློ་དགའ་ཡི་ཕེབས་རོགས་འོག་ཝུའུ་དབྱིང་ཅེས་ཕེབས་ཀྱིན་དུ་གཟིགས་སྐོར་གནང་ཞིང་། དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་ཁག་གོ་རིམ་ལྡན་པའི་ངང་དོན་འཁྱོལ་དང་གྲྭ་མང་ཡོངས་ལ་ཕན་པ་ཐོབ་པ་མཁྱེན་རྟོགས་བྱུང་རྗེས་ཝུའུ་དབྱིང་ཅེ་དགྱེས་ཚོར་ཆེན་པོ་བྱུང་ནས་ཁོང་གིས་བྱམས་པ་གླིང་དགོན་ལ་ལོ་རྒྱུས་ཡུན་རིང་དང་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་ལྡན་ཡོད་པས་རྒྱ་ཆེའི་གྲྭ་དམངས་ཚོས་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་མིག་དཔེར་བཟུང་ནས་རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ་ཐོག་མཐའ་བར་གསུམ་དུ་ཏང་དང་སྲིད་གཞུང་དང་བློ་སེམས་གཅིག་མཐུན་དང་། བྱ་སྤྱོད་གཅིག་གྱུར། འདུན་པ་གཅིག་མཐུན་བཅས་ཀྱི་སྒོ་ནས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་མ་ཧུར་ཐག་བཏང་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཉེ་བའི་ལོ་ཤས་རིང་ཆབ་མདོ་གྲོང་ཁྱེར་གྱིས་རྨང་གཞིའི་སྒྲིག་བཀོད་ཉམས་ཞན་དང་གྲོང་ཁྱེར་འཛུགས་སྐྲུན་གྱི་གོམ་སྟབས་འགོར་བ་སོགས་ཀྱི་གནད་དོན་ལ་དམིགས་ཏེ་རེས་སྐོར་གསར་པའི་གྲོང་ཁྱེར་འཕེལ་རྒྱས་ཀྱི་འཆར་འགོད་དང་སྒྲིག་བཟོའི་ལས་དོན་བསྒྲུབས་པ་དང་ཆབས་ཅིག་ཆབ་མདོ་གྲོང་ཁྱེར་གྱི་རེས་སྐོར་གསར་པའི་གྲོང་ཁུལ་རྙིང་པ་སྒྱུར་བཀོད་དང་གསར་སྤེལ་འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད་པ་རེད། མིག་སྔར་གྲོང་ཁུལ་རྙིང་པ་སྒྱུར་བཀོད་སྤྱིར་ན་ལེགས་གྲུབ་ཟིན་ནས་གྲོང་ཁུལ་གཙོ་བོའི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། བརྟག་ཞིབ་གནང་རིང་ཝུའུ་དབྱིང་ཅེ་བྱམས་པ་གླིང་དགོན་སྐོར་ལམ་གྱི་མཛེས་ལྗོངས་མཐོང་ཡངས་དང་ཆབ་མདོའི་འཆར་འགོད་འཛུགས་སྐྲུན་ཁང་དུ་ཕེབས་ནས་ལས་གྲྭའི་འཆར་འགོད་དང་། འཛུགས་སྐྲུན།

 འཕེལ་རིམ་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་མི་དམངས་ཀྱི་འཚོ་བ་ཟམ་མི་ཆད་པར་ལེགས་སུ་གཏོང་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་ཆེ་རུ་གཏོང་རྒྱུ་འགག་རྩར་བྱས་ནས་ཚན་རིག་དང་མཐུན་པའི་ངང་ལུགས་མཐུན་བཀོད་སྒྲིག་བྱས་ཏེ་གཞི་རྩའི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ལ་མཐུན་སྦྱོར་ངང་སྐུལ་སྤེལ་བཏང་ནས་མི་དམངས་ཀྱི་བདེ་སྐྱིད་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

རུ་བཞི་ཤང་མདའ་རོ་གྲོང་ཚོ་དེ་རྒྱལ་ལམ་317གྱི་འགྲམ་དུ་གནས་ནས་ཁ་རུབ་ཆུས་དང་བར་ཐག་སྤྱི་ལེ་20ལྷག་ཙམ་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་གྲོང་ཚོ་དེས་མ་དངུལ་བསྡུ་རུབ་བྱས་པ་བརྒྱུད་གྲོང་མིའི་མ་རྐང་ལམ་ལུགས་ལག་ལེན་བསྟར་ནས་སྣ་མང་གཉེར་སྐྱོང་གོང་འཕེལ་བཏང་བས་ཡུལ་མིའི་ཡོང་འབབ་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་སྦྲགས་གྲོང་ཚོའི་རྣམ་པ་དང་བཀོད་པའང་གསར་རྐྱང་དུ་གྱུར་ཡོད་པ་རེད།

གྲོང་ལྷན་དུ་ཝུའུ་དབྱིང་ཅེས་སྔ་རྗེས་སུ་སྨན་བཅོས་འཕྲོད་བསྟེན་དང་། ཏང་འཛུགས་སྐྱོང་། གྲོང་མིའི་རང་སྐྱོང་དང་དྲ་མིག་ཅན་གྱི་དོ་དམ་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་ཞིང་། ཝུའུ་དབྱིང་ཅེས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་མང་ཚོགས་ཀྱི་ཁེ་ཕན་དེ་བྱ་བ་ཆུང་ཙག་མིན་པའི་བསམ་བློ་བརྟན་པོ་བཙུགས་ནས་མང་ཚོགས་ཀྱི་ཁེ་ཕན་དེ་གནས་བབ་ཨང་དང་པོར་འཇོག་པ་དང་མང་ཚོགས་བློ་ཡིད་ཚིམ་པ་བྱ་རྒྱུ་དེ་ཚད་གཞི་ཨང་དང་པོར་བརྩིས་ནས་ལུས་ཚུགས་ཐུབ་པ་བྱས་ནས་མང་ཚོགས་ཆེད་བྱ་བཟང་དང་དོན་དངོས་སྒྲུབ་དགོས། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་ཚོས་ཡངས་ཤིང་རྒྱ་ཆེ་བའི་ཞིང་འབྲོག་ཁུལ་དེ་རང་ཉིད་སྦྱོང་བརྡར་དང་འཚར་ལོངས་བྱ་ཡུལ་ཞིག་ཏུ་བརྩིས་ཏེ་རང་འགན་གཙང་སྒྲུབ་དང་རང་འགུལ་ངང་བྱས་རྗེས་བཞག་ནས་མི་རིགས་ཁག་གི་མང་ཚོགས་ལ་ཞབས་འདེགས་ཞུ་རིང་སྙིང་སྟོབས་འཕེལ་བ་དང་འཇོན་ཐང་ཆེ་རུ་འགྲོ་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

ཉེ་བའི་ལོ་ཤས་རིང་ཆབ་མདོ་གྲོང་ཁྱེར་གྱིས་བརྟན་ལྷིང་སྲུང་སྐྱོང་གི་བཀོད་འདོམས་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་ཆེད་དམིགས་བཅོས་སྒྲིག་གི་བྱ་སྤྱོད་ལ་ཁྲིམས་ལྟར་སྐུལ་མ་བཏང་བས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད། ཝུའུ་དབྱིང་ཅེས་ད་དུང་ཆབ་མདོ་གྲོང་ཁྱེར་གྱི་བརྟན་ལྷིང་སྲུང་སྐྱོང་གི་འཐབ་ས་དང་པོའི་བཀོད་འདོམས་པུའུ་རུ་གཟིགས་ཞིབ་གནང་བར་ཕེབས་ནས་བརྙན་ལམ་བརྒྱུད་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཁག་གི་ལས་དོན་སྒྲུབ་ཚུལ་མཁྱེན་རྟོགས་གནང་ནས་ཆབ་མདོ་གྲོང་ཁྱེར་གྱི་རིམ་ཁག་སྲིད་ཁྲིམས་ལས་ཁུངས་དང་ཕྱོགས་ཁག་གི་བརྟན་ལྷིང་སྲུང་སྐྱོང་སྟོབས་ཤུགས་ཀྱིས་ལས་གནས་བརྟན་སྲུང་དང་རང་འགན་གཙང་སྒྲུབ་བྱེད་པར་ཁས་ལེན་གང་ལེགས་གནང་ནས་ཆབ་མདོ་གྲོང་ཁྱེར་གྱིས་ཉེ་བའི་ལོ་ཤས་རིང་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ཁག་བཅུ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ནུས་ལྡན་བྱས་པར་ཚད་མཐོའི་གདེང་འཇོག་གནང་བ་རེད། ཆབ་མདོ་གྲོང་ཁྱེར་གྱིས་རྡུང་རྡེག་ཚ་ནན་གཏོང་བ་དང་བཅོས་སྒྲིག་གི་ཆེད་དམིགས་བྱ་སྤྱོད་ཀྱི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་རྗེས་ཝུའུ་དབྱིང་ཅེས་མི་དམངས་མང་ཚོགས་ནི་དཔའ་བོ་དངོས་དང་ཟངས་གྱང་ལྕགས་རྩིག་ངོ་མ་ཡིན་པའི་བསམ་བློ་བརྟན་པོ་ཆགས་པ་བྱས་ནས་ཚད་གཞི་ཆེ་ཤོས་ཀྱི་སྒོ་ནས་མི་རིགས་ཁག་གི་མང་ཚོགས་རྣམས་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཀྱིས་བརྟན་ལྷིང་སྲུང་སྐྱོང་གི་ངར་ལྕགས་ལྟ་བུའི་ལྕགས་རི་རིང་པོ་ཞིག་དང་གནམ་རྒྱ་ས་རྙི་ཞིག་ཆགས་པ་བྱེད་དགོས། ཁྲིམས་འགལ་གྱི་རྩ་འཛུགས་དང་ཁྲིམས་འགལ་གྱི་ཉེས་གསོག་བྱེད་སྤྱོད་ལ་དམ་བསྒྲགས་བྱེད་པའི་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས་ཆེད་དམིགས་བཅོས་སྒྲིག་གཏིང་ཟབ་ཏུ་བཏང་ནས་བརྟན་ལྷིང་ཐད་ཀྱི་མི་མངོན་པའི་རྐྱེན་ངན་སྔར་བས་སེལ་བ་དང་སྤྱི་ཚོགས་ཀྱི་ཁོར་ཡུག་གཙང་མ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།