ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སློབ་གྲྭ་ནི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་གནས་གཞི་ཡིན་པ་མ་ཟད། ཞིང་ཁམས་འདིའི་མ་འོངས་ཀྱི་བདག་པོ་དང་འབྱུང་འགྱུར་གྱི་མ་རྩ་གཏོང་མཁན་ཡང་ཡིན། དེས་ན། སློབ་གྲྭའི་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་མ་འོངས་མདུན་ལམ་དང་འབྲེལ་ཆེ་བའི་གནད་དོན་འགངས་ཆེན་ཞིག་རེད། སློབ་གྲྭའི་སློབ་གསོའི་སྤུས་ཚད་ལེགས་གྲས་ཀྱིས་རྒྱལ་ཁབ་དང་མི་རིགས་ཤིག་ཤེས་དཔལ་ཅན་དུ་བསྐྱོད་ཐུབ་པར་ཁག་ཐེག་བྱ་ཐུབ་ལ། ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་བའི་བྱ་གཞག་ལ་དོན་ལྡན་གྱི་གསོན་ཤུགས་སྦྱིན་པར་དགོས་ངེས་ཀྱི་ཆ་རྐྱེན་ཡང་བསྐྲུན་ཐུབ། དེར་བརྟེན་རང་ཉིད་ནས་སློབ་གྲྭའི་དོ་དམ་ལ་གཙིགས་ཆེན་གྱིས་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་གོང་མཐོར་གཏོང་རྒྱུའི་སྐོར་མདོ་ཙམ་གླེང་རྒྱུ་ཡིན།

དང་པོ། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་ནི་སློབ་ཁྲིད་སྤུས་ཚད་གོང་མཐོར་གཏོང་བའི་སྒུལ་ཤུགས་གཙོ་བོ་ཡིན།

དགེ་རྒན་ནི་འགྲོ་བ་མིའི་རིགས་ཀྱི་རིག་གནས་དང་ཚན་རིག་ཤེས་བྱ་སོགས་རྒྱུན་འཛིན་དང་དར་སྤེལ་གཏོང་མཁན་གྱི་དེད་དཔོན་ཡིན་པ་མ་ཟད། སློབ་གྲྭའི་སློབ་གསོ་སློབ་ཁྲིད་ཀྱི་སྣེ་ཁྲིད་པ་གཙོ་བོ་ཡང་ཡིན་སྟབས། འགན་ཁུར་གྱི་བསམ་པ་ལྡན་ཞིང་རིག་གནས་བྱང་ཚད་མཐོ་བའི་དགེ་རྒན་གྱི་དཔུང་ཁག་ཅིག་ཡོད་དགོས་པ་ནི། སློབ་གྲྭ་དེ་ཉིད་ཀྱིས་མི་རབས་གསར་པ་གསོ་སྐྱོང་གི་ལས་འགན་རྒྱལ་ཁའི་ངང་ལེགས་གྲུབ་ཐུབ་པའི་སྔོན་འགྲོ་ཡིན། དེའི་ཐད་མདོ་སྡེ་རྒྱན་ལས་སློབ་དཔོན་དུལ་བ་ཞི་བ་ཉེར་ཞི་བ། ཡོན་ཏན་བརྩོན་བཅས་ལུང་གིས་ལྷག་པར་ཕྱུག དེ་ཉིད་རབ་ཏུ་རྟོག་ལ་སྨྲ་མཁས་ལྡན་ཞེས་དང་། ཆོས་རྗེ་ས་པཎ་གྱིས་ཀྱང་དགེ་རྒན་གྱི་མཚན་ཉིད་ལ“གཙང་མཁས་གཞན་ལ་ཕན་པར་འདོད”ཅེས་གསུངས་པ་བཞིན་དགེ་རྒན་ལ་ཕུལ་དུ་བྱུང་བའི་ཀུན་སྤྱོད་དགོས་ལ། རིག་ཚན་གང་ཞིག་སློབ་ཁྲིད་བྱེད་དུས་འཆད་པར་མཁས་ཤིང་གཡོ་ཟོལ་རྫུ་སྦག་སོགས་ཀྱིས་མ་བསླད་པར་འཁྲིད་བྱ་གང་སྨྲ་བར་འདོད་པ་ཇི་བཞིན་སྨྲ་ཐུབ་པ་དང་དེ་སྨྲ་མཁས་པ་ཞིག་ཀྱང་དགོས་པ་མ་ཟད། གཞན་ཕན་ལྷག་བསམ་དཀར་པོས་བུམ་པ་གང་བྱོའི་ཚུལ་གྱིས་སློབ་ཁྲིད་བྱས་ཏེ་སློབ་མའི་ཚོགས་རྣམས་ལེགས་ལམ་དུ་འཁྲིད་པའི་འདུ་ཤེས་ཡོད་དགོས།

སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་དང་སློབ་མའི་བྱང་ཚད་སོགས་ཚང་མ་དགེ་རྒན་དང་ཐད་ཀའི་འབྲེལ་བ་ཡོད་སྟབས་སློབ་གྲྭ་ཁག་གིས་སློབ་མའི་བྱང་ཚད་གོང་མཐོར་གཏོང་ཕྱིར་དང་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་གོང་མཐོར་གཏོང་བར་ངེས་པར་དུ་རིག་སྟོབས་དང་ལྡན་པའི་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་ནི་དགོས་ངེས་ཀྱི་གནད་དོན་ཞིག་ཡིན། སློབ་གྲྭས་དགེ་རྒན་གྱི་སྒོ་གསུམ་སྤྱོད་ཚུལ་གྱི་བྱང་ཚད་མཐོར་འདེགས་བྱ་རྒྱུའི་ལས་དོན་ལ་དོ་སྣང་ཆེན་པོས། དུས་རྒྱུན་གྱི་སློབ་གྲྭའི་ཕྱི་ནང་གི་སློབ་སྦྱོང་དང་། ཚོགས་འདུ་སོགས་བརྒྱུད་མངོན་ལྐོག་གང་རུང་ནས་ཐབས་ནུས་ཡོད་རྒུས་དགེ་རྒན་རྣམས་ལ་གཅིག་ནས་སློབ་མར་ཕྱོགས་ཡོངས་ནས་ཁྲིད་སྟོན་དང་སློབ་གསོ་རྒྱག་ཐུབ་པའི་ནུས་པ་ལྡན་པ་བྱེད་དགོས་ལ། གཉིས་ནས་སློབ་ཁྲིད་སྐབས་ཙམ་མ་ཡིན་པར་རྣམ་པ་ཀུན་ཏུ་ཡང་དག་པའི་ངང་ནས་སྒོ་གསུམ་གྱི་སྤྱོད་ཚུལ་བཟང་པོ་བཟུང་སྟེ་རང་ཉིད་ངོ་མས་སློབ་མ་རྣམས་ལ་སྒོ་གསུམ་སྤྱོད་ཚུལ་གྱི་མིག་དཔེ་བཟང་པོ་གཏོད་དུ་འཇུག་དགོས།

དགེ་རྒན་ནི་སློབ་ཕྲུག་གི་མིག་དཔེ་སྟོན་མཁན་དང་མཛུབ་ཁྲིད་པ་གཙོ་བོ་ཡིན་པར་བརྟེན་སློབ་མའི་སློབ་སྦྱོང་དང་འཚོ་བའི་ནང་དུ་གལ་ཆེའི་གནས་བབ་བཟུང་ཡོད་ལ། དགེ་རྒན་གྱི་ཡོན་ཚད་དང་ཀུན་སྤྱོད་ནི་ཐད་ཀར་སློབ་མའི་ཡོན་ཚད་དང་ཀུན་སྤྱོད་སོགས་ལའང་འབྲེལ་བ་ཆེ་ཞིང་། དཔེ་ཁྲིད་མི་སྐྱོང་ནི་དགེ་རྒན་གྱི་འདོར་དུ་མེད་པའི་འགན་འཁྲི་ཉག་གཅིག་ཡིན་སྟབས། ང་ཚོ་ཚང་མས་དེང་རབས་ཀྱི་སྔོན་ཐོན་སློབ་གསོའི་ལྟ་བ་སློབ་སྦྱོང་དང་རྒྱུན་འཛིན་བྱས་ཏེ། སློབ་མའི་རིག་སྟོབས་དང་སྙིང་སྟོབས། དགའ་མོས་སོགས་སྒོ་ཀུན་ནས་འཕེལ་རྒྱས་དང་ཡར་རྒྱས་གཏོང་བར། དགེ་རྒན་རང་ཉིད་ལ་སློབ་ཁྲིད་ཀྱི་ཤེས་བྱའི་བྱང་ཚད་མཐོ་བ་དང་། ཤེས་རྒྱ་ཡངས་པ། ཀུན་སྤྱོད་ལེགས་པ་སོགས་ཕྱོགས་བསྡུས་ཀྱི་བྱང་ཚད་མཐོན་པོ་དགོས།

གཉིས་པ། སློབ་གྲྭའི་ཕྱོགས་ཁག་གི་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་ནི་སློབ་ཁྲིད་སྤུས་ཚད་གོང་མཐོར་གཏོང་བའི་གཞི་རྩ་ཡིན།

སློབ་གྲྭ་ནི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་རྟེན་གཞི་ཨང་དང་པོ་ཡིན། གལ་ཏེ་ཤེས་ལྡན་མི་སྣ་སྐྱོང་བའི་བྱ་གཞག་དེ་འཁྲབ་སྟོན་ལྟ་བུའི་བརྒྱུད་རིམ་ཞིག་ཏུ་ངོས་འཛིན་བྱས་ན་སློབ་སྤྱི་ནི་འཁྲབ་ཁྲིད་པ་དངོས་དང་། དགེ་རྒན་ནི་འཁྲབ་སྟོན་པ། སློབ་མ་ནི་འཁྲབ་སྟོན་གྱི་སྙིང་དོན་ལ་རོལ་མྱོང་བྱེད་མཁན་གྱི་ལྟད་མོ་བ་དང་འཁྲབ་སྟོན་གྱི་ནང་དོན་རྣམས་དོན་དངོས་འཚོ་བར་སྤྱོད་མཁན་གྱི་ལས་གཉེར་བ་ལྟ་བུ་ཡིན། དེར་བརྟེན། སློབ་གྲྭས་འཐུས་སྒོ་ཚང་ཞིང་ཚན་རིག་དང་མཐུན་པའི་དོ་དམ་གྱི་མ་ལག་ཅིག་བསྐྲུན་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ། དེ་ཡང་ཐོག་མར་སློབ་གྲྭས་རང་ཉིད་ཀྱི་སློབ་མའི་ཡོང་ཁུངས(གཙོ་ཆེར་ཁྱིམ་བདག་གིས་སློབ་གསོར་འཛིན་པའི་རྣམ་འགྱུར་དང་ཁྱིམ་བདག་སོ་སོའི་གཞོགས་འདེགས་ནུས་པར་ངོས་འཛིན)དང་། དགེ་རྒན་གྱི་ཆུ་ཚད། སྤྱི་ཚོགས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་སོགས་སློབ་གྲྭ་རང་ཉིད་ཀྱི་ཁྱད་ཆོས་དང་སྤྱི་ཚོགས་ཀྱི་འཕེལ་འགྱུར་གྱི་འགྲོས་དང་བསྟུན་ཅི་ཐུབ་ཀྱིས། དོ་དམ་ལམ་ལུགས་དང་སྒྲིག་སྲོལ་གཏན་འཁེལ་བྱས་ཏེ་སློབ་གྲྭའི་ལས་དོན་ཁག་ལ་འཆར་གཞི་གསལ་པོ་ཡོད་པ་དང་ཕྱོགས་སྡོམ་གནད་འཁེལ་པོ་ཡོད་པ། བརྒྱུད་རིམ་ཚགས་ཚུད་པོ། འགན་འཁྲི་མི་ཐོག་ཏུ་འཁེལ་བའི་དོ་དམ་སྒྲིག་གཞི་ཞིག་བཟོ་དགོས།

དོ་དམ་གྱི་འཐུས་ཚང་རང་བཞིན་དང་། ཤུགས་ཚད་རང་བཞིན། ཚན་རིག་རང་བཞིན་བཅས་བྱུང་ན་སློབ་གྲྭའི་ལས་དོན་ཁག་ལ་ཐོག་མཐའ་བར་གསུམ་དུ་ནུས་པ་ངེས་ཅན་འདོན་ཐུབ་ལ། དོ་དམ་གྱི་སྒྲིག་གཞི་དང་མ་ལག་འཐུས་ཚང་བྱུང་ན་སློབ་གྲྭའི་ལས་ཕྱོད་གོང་མཐོར་གཏོང་ཐུབ་ཅིང་སྤུས་ཚད་ལ་འགན་ལེན་བྱ་ཐུབ། དེ་བས་དོ་དམ་ཚགས་ཚུད་པོ་བྱུང་ན་དགེ་རྒན་གྱི་བྱང་ཚད་གོང་མཐོར་གཏོང་ཐུབ་པ་དང་སློབ་མའི་བྱང་ཚད་ཀྱང་འཕེལ་ཐུབ་པས་སློབ་གྲྭ་འདི་ཉིད་དཔལ་ཡོན་ཅན་དུ་འགྱུར་ཐུབ་པར་འགན་ལེན་བྱ་ཐུབ།

དེར་བརྟེན། སློབ་གྲྭ་ཁག་གིས་རང་སློབ་གྲྭའི་དོན་དངོས་དང་བསྟུན་ཏེ་དགེ་རྒན་གྱི་དོ་དམ་དང་། སློབ་མའི་དོ་དམ། རྒྱབ་ཕྱོགས་མི་སྣའི་དོ་དམ་སོགས་གང་ཅིར་མཐོང་ཆེན་བྱས་ནས། ཕྱོགས་ཀུན་ནས་བསླབ་གཞི་སྒྱུར་བཅོས་བྱེད་པའི་དུས་རབས་འདིར་འདུ་ཤེས་གསར་པ་དང་བྱ་ཐབས་གསར་པས་སློབ་གྲྭའི་སློབ་གསོའི་སྤུས་ཚད་གོང་མཐོར་བཏང་བས་ན། གཞི་ནས་བློ་མཐུན་ཏེང་ཞའོ་ཕིང་གིས་བཏོན་པའི“སློབ་གསོ་དེང་རབས་ཅན་ལ་ཁ་ཕྱོགས་པ་དང་། འཛམ་གླིང་ལ་ཁ་ཕྱོགས་པ། མ་འོངས་ལ་ཁ་ཕྱོགས་དགོས”པའི་དགོངས་དོན་མི་རིང་བར་མངོན་འགྱུར་བྱ་ཐུབ་སྙམ་མོ།

གསུམ་པ། འཛིན་གྲྭའི་ལས་དོན་ལ་གཙིགས་ཆེན་བྱ་རྒྱུ་ནི་སློབ་ཁྲིད་སྤུས་ཚད་གོང་མཐོར་གཏོང་བའི་རྨང་གཞི་ཡིན།

འཛིན་གྲྭ་ནི་སློབ་གསོ་སློབ་ཁྲིད་ཀྱི་བྱ་གཞག་སྤེལ་སའི་ལྟེ་བ་ཡིན་ལ། དེ་ནི་སློབ་གྲྭའི་མཁྲེགས་ཆས་དང་མཉེན་ཆས་ཀྱི་མ་ལག་ཧྲིལ་པོ་དང་ཐོག་མཐའ་བར་གསུམ་དུ་འབྲེལ་བའི་རྩ་འཛུགས་ཤིག་ཀྱང་རེད། དེར་བརྟེན་འཛིན་གྲྭའི་ལས་དོན་གྱིས་སློབ་གྲྭའི་ལས་དོན་སྤྱི་ཡོངས་ནང་གལ་ཆེའི་གནས་བབ་བཟུང་ཡོད་ཅིང་། སློབ་མའི་སློབ་སྦྱོང་དང་ཀུན་སྤྱོད་སོགས་ཇི་ལྟ་བུ་ཞིག་ཡོང་མིན་གྱི་འགག་གནད་ཅིག་ཀྱང་ཡིན།

འཛིན་གྲྭ་ཞིག་གི་སློབ་མའི་སློབ་སྦྱོང་རྣམ་འགྱུར་དང་བསམ་བློའི་བྱང་ཚད་ཀྱིས་སློབ་གྲྭ་ཞིག་གི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་མངོན་ཐུབ་ལ། སློབ་གྲྭའི་དོ་དམ་ལམ་ལུགས་ཚད་མཐུན་དང་། ནུས་ལྡན་ཡིན་མིན་ར་སྤྲོད་ཀྱང་བྱ་ནུས། འཛིན་གྲྭའི་ཀྲུའུ་རེན་གྱིས་སློབ་གྲྭའི་སློབ་གསོ་སློབ་ཁྲིད་ཀྱི་མཛུབ་སྟོན་བསམ་བློའི་སྣེ་ཁྲིད་འོག་རང་འཛིན་གྲྭའི་ཁྱད་ཆོས་དང་འཚམ་པའི་དོ་དམ་ལམ་ལུགས་ལག་བསྟར་བྱས་ཏེ་ལས་དོན་མང་དག་ཅིག་གཉེར་དགོས་ཤིང་། འདུ་ཤེས་གསར་པ་དང་། ཐབས་ལམ་གསར་པའི་ཐོག་ནས་འཛིན་གྲྭའི་ལས་དོན་ཡོངས་ལ་དོ་དམ་ལེགས་པོ་བྱས་ཏེ། འཛིན་གྲྭའི་ཀྲུའུ་རེན་སོ་སོ་ནས་རང་གི་འཛིན་གྲྭ་ཕུལ་དུ་བྱུང་བར་བརྩོན་ལེན་བྱས་ན། སློབ་གྲྭ་གང་དེར་ཤེས་རིག་དང་ཀུན་སྤྱོད་སོགས་དཔལ་ཡོན་གྱི་འོད་ཟེར་ཚོམ་བུ་ཞིག་སྣོན་པ་ཡིན་ལ། དཔལ་ཡོན་ལྡན་པའི་འཛིན་གྲྭ་མང་པོ་ཞིག་ལས་རེ་བས་ཁེངས་པའི་སློབ་གྲྭ་ཞིག་གི་མདུན་ལམ་མངོན་ཐུབ་པ་ཡིན།

བཞི་པ། སློབ་མའི་ཀུན་སྤྱོད་སློབ་གསོར་མཐོང་ཆེན་བྱ་རྒྱུ་ནི་སློབ་ཁྲིད་སྤུས་ཚད་གོང་མཐོར་གཏོང་བའི་འགན་ལེན་ཡིན།

བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་ནི་སློབ་གྲྭའི་སློབ་གསོའི་བླ་སྲོག་ལྟ་བུ་ཡིན་ཞིང་། དེས་སློབ་གྲྭའི་སློབ་གསོའི་ངོ་བོ་དང་། ཁ་ཕྱོགས། གོང་འཕེལ་གཏོང་ཐབས་བཅས་ཀྱི་ཚད་གཞི་གཏན་འཁེལ་བྱེད་ཐུབ་པས། ཀུན་སྤྱོད་ལེགས་མིན་གྱིས་སློབ་མའི་བྱང་ཚད་ལེགས་ཉེས་ལ་ཐད་ཀའི་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཀུན་སྤྱོད་སློབ་གསོ་ནི་སློབ་གསོ་སྤྱིའི་རྨང་གཞིར་གྱུར་པའི་མ་ལག་ལྟ་བུ་ཞིག་ཡིན་པས་སློབ་གྲྭའི་སློབ་གསོའི་བྱ་གཞག་གི་ལྟེ་བར་འཛིན་དགོས། རྒྱུ་མཚན་ནི“ཀླད་ཆུང་རང་བཞིན་ངན་པ་ལ། ཡོན་ཏན་ཡོད་ཀྱང་ཕན་མི་ཐོགས”ཞེས་གསུངས་པ་ལྟར། ཀུན་སྤྱོད་ཞན་པའི་སློབ་མའི་སྦྱངས་འབྲས་ཇི་ཙམ་ལེགས་ཀྱང་དེའི་མི་ཚེའི་ལྟ་བ་ལ་ལྷད་སྐྱོན་ལྡན་པས། རང་གི་རྒྱུད་ཀྱི་རིག་གནས་བཀོལ་ཏེ་གཞན་ཕན་གྱི་བྱ་བ་སྒྲུབ་པའི་རེ་བ་ནི་ཉིན་མོའི་སྐར་མ་བཞིན་ཤིན་ཏུ་ནས་ཕྲ་བས་སོ། རང་རེ་སློབ་པའི་ལམ་ལ་འཇུག་པའམ་དཔེ་ཁྲིད་མི་སྐྱོང་གནང་མཁན་ཚང་མས་བསྒྲུབ་དང་སྒྲུབ་བཞིན་པའི་ལས་འགན་གཅིག་ཡོད་པ་ནི་ཤེས་རིག་དང་ཀུན་སྤྱོད་ཀྱིས་ཕྱུག་པའི་མི་སྣ་དང་ཡ་རབས་དང་དྲང་བདེན་གྱིས་ཕྱུག་པའི་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་ཡིན་སྟབས། དཔེ་ཆ་ཁྲིད་དེ་ཤེས་རིག་བརྒྱུད་སྤྲོད་དང་ལྷན་དུ་མི་སྣ་གསོ་སྐྱོང་བྱེད་པའི་འགན་འཁྲི་སྟེ་སློབ་མ་རྣམས་ལ་དོན་ལྡན་གྱི་མི་ཞིག་ཇི་ལྟར་བྱ་ཚུལ་གྱི་འཇིག་རྟེན་སྤངས་བླང་གི་ཆ་སློབ་དགོས་པ་དེའོ། དེར་བརྟེན་དགེ་རྒན་ནས་སློབ་མའི་ཀུན་སྤྱོད་སློབ་གསོར་ཐོག་མཐའ་བར་གསུམ་དུ་དོ་ཁུར་ཆེན་པོ་གནང་སྟེ་སློབ་མ་རྣམས་སྤྱོད་ཡོན་གཉིས་ལྡན་གྱི་མི་རབས་གསར་པ་ཤ་སྟག་ཏུ་གསོ་སྐྱོང་བྱ་རྒྱུ་ནི་གལ་ཆེའི་ནང་གི་འགངས་ཆེན་ཡིན་ནོ།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།