ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ12པའི་ཚེས1ཉིན། རང་རྒྱལ་གྱི་དབུལ་སྐྱོར་གནས་སྤོས་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིན་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུའི་དགོངས་དོན་ལག་ལེན་དོན་འཁྱོལ་བྱས་ཏེ་དབུལ་སྐྱོར་གནས་སྤོས་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད།

བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཏེང་ཤའོ་ཀང་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། ཏེང་ཤའོ་ཀང་ནས། ལྗོངས་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་གིས་རང་ལྗོངས་ཀྱི་དབུལ་སྐྱོར་གནས་སྤོས་ལས་དོན་གྱི་དམིགས་བསལ་དང་གལ་ཆེའི་རང་བཞིན། དཀའ་ཚེགས་ཆེ་བའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་ཐུབ་པ་བྱེད་པ་དང་། ཐེངས་འདིའི་ཚོགས་འདུའི་བླང་བྱ་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ལྟར་ཆོད་སེམས་བརྟན་པོ་དང་དམིགས་ཚད་ཁ་གསལ། བསམ་ཕྱོགས་གསལ་པོ། བྱ་ཐབས་གསར་གཏོད། ལས་དོན་སྤེལ་ཤུགས་ཆེར་གཏོང་བཅས་ཀྱི་སྒོ་ནས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་འཁྱོལ་ཐུབ་པ་བྱས་ཏེ་རང་ལྗོངས་ཀྱི་དབུལ་སྐྱོར་གནས་སྤོས་ལས་དོན་ལ་སྐུལ་སྤེལ་གཏོང་དགོས་པའི་མཛུབ་སྟོན་གནང་བ་རེད།

 ཏེང་ཤའོ་ཀང་ནས། དབུལ་སྐྱོར་གནས་སྤོས་བྱེད་རྒྱུ་ནི་ཀྲུང་དབྱང་གི་གལ་ཆེའི་འཐབ་ཇུས་ཤིག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་གལ་ཆེན་ཞིག་རེད་ལ། རྙོག་འཛིང་ཆེ་ཞིང་གཞི་ཁྱོན་ཆེ་བའི་མ་ལག་ཆ་ཚང་བའི་ལས་གཞི་ཞིག་ཀྱང་ཡིན་པས། རང་སྐྱོང་ལྗོངས་ཀྱི་རིམ་ཁག་ཚན་པ་ཁག་གིས་ཀྲུང་དབྱང་གི་འཐབ་ཇུས་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། རང་ལྗོངས་ཀྱི་དངོས་ཡོད་ལ་བསྟུན་ནས་ཀྲུང་དབྱང་གི་པུའུ་ཨུད་ལ་སྙན་ཞུ་དང་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱལ་ཁབ་ཀྱི་རོགས་སྐྱོར་ཐོབ་ཐུབ་པ་བྱེད་པ་དང་ཆབས་ཅིག གཅིག་གྱུར་འཆར་འགོད་ཐོག་ཐུན་མོང་གཏོང་འཇོག་བྱེད་པ་དང་ཐབས་ལམ་ཁ་གསལ་བཟོས་ནས་བེད་སྤྱོད་གཏོང་ཡུལ་ལ་འགྱུར་བ་མི་གཏོང་བ། རང་འགན་རང་འཁུར་ཐོག་བྱས་རྗེས་འཇོག་པ་བཅས་ཀྱི་རྩ་དོན་ལྟར་དབུལ་སྐྱོར་གནས་སྤོས་ཀྱི་མ་དངུལ་གཅིག་འགྱུར་འཆར་འགོད་ཡག་པོ་དང་འཆར་གཞི་ཡག་པོ་བཟོ་བ། བེད་སྤྱོད་ཡག་པོ་གཏོང་བ། ལྟ་སྐུལ་དོ་དམ་ཡག་པོ་བྱེད་པ་བཅས་བྱེད་དགོས་པ་མ་ཟད་རང་འགན་རང་སྒྲུབ་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་དབུལ་སྐྱོར་གནས་སྤོས་ལས་ཀའི་མཉམ་ཤུགས་ཆགས་གང་ཐུབ་བྱས་ཐོག་ལས་བགོས་ཁ་གསལ་དང་འགན་འཁྲི་ཁ་གསལ། ལས་འགན་མི་ཐོག་ལ་དཀྲི་བ། ལྟ་སྐུལ་གནད་ལ་འཁེལ་བ་བཅས་བྱེད་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།