འདི་ནི་རྟེན་འབྲེལ་མཛད་སྒོའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་མཇལ་དར་རྩེ་སྤྲོད་དང་སྨོན་འདུན་ཞུ་རེས་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་12ཚེས་8ཉིན་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་ཁྲིར་གསོལ་ནས་ལོ་20འཁོར་བའི་རྟེན་འབྲེལ་མཛད་སྒོ་དེ་བཀྲས་ལྷུན་དགོན་དུ་གཟབ་རྒྱས་ངང་འཚོགས་ཤིང་། འདི་ནི་རྟེན་འབྲེལ་མཛད་སྒོ་འཚོག་ཡུལ་ཡིན་པ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་ཟླ་12ཚེས་8ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་བཀྲས་ལྷུན་དགོན་གྱི་རྡོ་གཅལ་ཆེ་མོར་དུང་རྒྱ་གླིང་གི་སྒྲ་ལྷང་ལྷང་གྲགས— པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་ཁྲིར་གསོལ་ནས་ལོ་20འཁོར་བའི་རྟེན་འབྲེལ་མཛད་སྒོ་འདི་གར་གཟབ་རྒྱས་ངང་འཚོགས་པ་རེད།

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་སྲི་ཐར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཅང་ཅན་ཡུང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཙུང་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་མགོན་པོ་བཀྲ་ཤིས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན་དྲུང་ཆེ་ཝང་རུའེ་ལན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཀྲུའུ་རེན་གཞོན་པ་བསྟན་འཛིན་རྣམ་རྒྱལ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྐལ་བཟང་ཚེ་རིང་དང་ཧོ་ཝུན་ཧའོ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། བློ་བཟང་འགྱུར་མེད། ས་ལུང་ཕུན་ལགས། བོད་དམག་ཁུལ་ཁང་གི་སི་ལིང་ཡོན་གཞོན་པ་ཀྲང་ཅན་ཀང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་སོགས་རྟེན་འབྲེལ་མཛད་སྒོར་ཕེབས་ཡོད།

སྔ་དྲོའི་ཆུ་ཚོད་བཅུ་པ་ཡོལ་ཙམ་ལ་བཀྲས་ལྷུན་དགོན་གྱི་དགེ་འདུན་པའི་གསེར་སྦྲེང་གི་སྣ་དྲངས་པའི་འོག་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་རྡོ་གཅལ་ཆེ་མོར་བཙུགས་པའི་རྟེན་འབྲེལ་མཛད་སྒོར་ཕེབས།

རྟེན་འབྲེལ་མཛད་སྒོའི་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་དང་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་རྣམ་གཉིས་མཇལ་དར་རྩེ་སྤྲོད་དང་སྨོན་འདུན་ཞུ་རེས་གནང་། སྲི་ཐར་དང་། བློ་བཟང་རྒྱལ་མཚན། ཅང་ཅན་ཡུང་། ཙུང་ཤིང་། བསྟན་འཛིན་རྣམ་རྒྱལ། ས་ལུང་ཕུན་ལགས་སོགས་ཀྱིས་སྤྲོ་སེམས་རབ་ཏུ་འཁོལ་བའི་གསུང་བཤད་གནང་སྟེ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ཁྲིར་གསོལ་ནས་ལོ་20འཁོར་བར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་གསུང་བཤད་གནང་བ་རེད།

སྲི་ཐར་གྱིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་སུན་ཁྲུན་ལན་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་ཚབ་ཞུས་ཏེ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ཁྲིར་གསོལ་ནས་ལོ་20འཁོར་བར་སྤྲོ་སེམས་ཆེན་པོས་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། རྒྱ་ཆེའི་བོད་བརྒྱུད་ནང་བསྟན་གྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་བྱམས་བརྩེའི་འཚམས་འདྲི་ཞུས་པ། པཎ་ཆེན་རིན་པོ་ཆེ་སྐུའི་འཚར་ལོངས་ཆེད་དུ་ཐུགས་ནུས་འབུལ་མཁན་བཀྲས་ལྷུན་དགོན་སོགས་དགོན་སྡེའི་བླ་མ་སྐྱེས་ཆེན་དང་ལས་དོན་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། སྲི་ཐར་གྱིས་1995ལོའི་ཟླ་12ཚེས་8ཉིན་ཀྲུང་དབྱང་སྲིད་གཞུང་སྐུ་ཚབ་ཀྱི་གཙོ་སྐྱོང་འོག་བཀྲས་ལྷུན་དགོན་དུ་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་ཁྲིར་གསོལ་བའི་མཛད་སྒོ་འཚོགས་ཤིང་། དེའི་ཐོག་ནས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་ཞུ་བའི་ནང་བསྟན་གྱི་མཛད་ཆེན་དེ་ཐུགས་གྲ་ལེགས་འགྲིག་བྱུང་བ་མཚོན་ཡོད། དེ་ནི་ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་ཆོས་ལུགས་ཀྱི་གཏན་སྲོལ་དང་། ལོ་རྒྱུས་ཀྱི་ངེས་སྲོལ། གསེར་བུམ་དཀྲུག་འདོན། ཀྲུང་དབྱང་གིས་ཆོག་མཆན་གནང་བ་བཅས་ཀྱི་གོ་རིམ་ནན་པོར་བརྩི་སྲུང་ཞུས་ཏེ་བླ་སྤྲུལ་གྱི་ཡང་སྲིད་བཙལ་འཚོལ་དང་ངོས་འཛིན་ཞུ་བའི་གྲུབ་འབྲས་ཐོབ་པའི་མཚོན་དཔེ་དང་། བོད་བརྒྱུད་ནང་བསྟན་གྱི་དོན་ཆེན། ཏང་དང་སྲིད་གཞུང་གིས་མང་ཚོགས་ཀྱི་ཆོས་ཕྱོགས་བརྩེ་སེམས་ལ་བརྩི་འཇོག་དང་དད་ལྡན་མང་ཚོགས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པའི་མཚོན་ཚུལ་གང་ལེགས།

བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་གཅེས་རིང་ལུགས་ཀྱི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་བཏང་སྟེ་ཏཱ་ལའི་རུ་ཚོགས་ཀྱི་འགོག་རྐྱེན་དང་གཏོར་བཤིག་མཐའ་གཅིག་ཏུ་སེལ་རྒྱུ་དང་མདུང་རྩེ་ཁ་སྤྲོད་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྒྱལ་ཁ་གལ་ཆེན་ཞིག་བཅས་རེད་ཅེས་གསུངས་པ་རེད།

སྲི་ཐར་གྱིས་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་འཚར་ལོངས་ལ་ཀྲུང་དབྱང་གི་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། འདི་ལོའི་ཟླ་6ཚེས་10ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་པཎ་ཆེན་རིན་པོ་ཆེའི་གུས་མཇལ་དང་ལེན་དང་འབྲེལ་གསུང་བཤད་གལ་ཆེན་གནང་ནས་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་འཚར་ལོངས་ལ་རེ་བ་ཟབ་མོ་བཏོན་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་བླ་མ་སྐྱེས་ཆེན་དམ་པའི་ཐུགས་རྒྱུད་རིང་པོའི་མཛུབ་ཁྲིད། འབྲེལ་ཡོད་ཕྱོགས་ཀྱི་ཐུན་མོང་འབད་བརྩོན་བཅས་ཀྱི་འོག་ཁྲིར་མངའ་གསོལ་ནས་ལོ་20རིང་པཎ་ཆེན་རིན་པོ་ཆེས་ཚུལ་ཁྲིམས་རྣམ་དག་སྲུང་བ་དང་ཐོས་བསམ་ལ་རྩེ་གཅིག་ཏུ་གཞོལ་ཏེ་ཆབ་སྲིད་ཐད་དེ་བས་ལངས་ཕྱོགས་བརྟན་དུ་དང་བྱང་ཆུབ་ཏུ་ཕྱིན་པ་དང་། ནང་བསྟན་གྱི་སྐུ་ཡོན་ཉིན་བཞིན་ཆེ་རུ་ཕྱིན་པ། ཁྱོན་ཡོངས་ཀྱི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། དགེ་མཚན་ལྡན་པའི་ནུས་པ་རིམ་པས་མངོན་པ་བཅས་ལ་བརྟེན་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཆེ་ཁག་གི་མཛད་བཟང་མངོན་ནས་ལས་རིགས་ཁག་གི་བསྔགས་བརྗོད་ཡག་པོ་ཐོབ་ཅེས་གསུངས་པ་རེད།

སྲི་ཐར་གྱིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་ཐུགས་གྲ་ལེགས་འགྲིག་བྱུང་བ་དང་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་འཚར་ལོངས་ཡག་པོ་བྱུང་བ་ནི་ཏང་དང་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་མདུན་ལམ་ལ་ཐུགས་ཁུར་གནང་བའི་ལག་ལེན་གྱི་དཔེ་མཚོན་དང་ཏང་གི་ཆོས་ལུགས་སྲིད་ཇུས་སྒོ་ཀུན་ནས་ལག་ལེན་བསྟར་བའི་མཚོན་ཚུལ་ཞིག་ཀྱང་ཡིན་པས་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་གོང་དུ་འཕེལ་རྒྱུར་བློ་སྒོ་ཆེན་པོ་ཕྱེ་བ་སྟེ། གཅིག་ནི་ངེས་པར་དུ་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། གཉིས་ནི་ངེས་པར་དུ་བླ་སྤྲུལ་ཡང་སྲིད་ངོས་འཛིན་གྱི་རྒྱུན་གཏན་སྒྲིག་ལམ་ཁྲིམས་ལྟར་ཚད་ལྡན་དུ་གཏོང་བ། གསུམ་ནི་ཆོས་ཕྱོགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣའི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་བཅས་རེད་ཅེས་ནན་བཤད་གནང་བ་དང་། སྲི་ཐར་གྱིས་པཎ་ཆེན་རིན་པོ་ཆེས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་བཀའ་སློབ་ཐུགས་ལ་ངེས་ནས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ལྟར་མེས་རྒྱལ་དང་མི་དམངས་ཐུགས་ལ་བཅངས་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་རང་རྟོགས་ངང་སྲུང་སྐྱོང་དང་། ཁེངས་སྐྱུང་གཟབ་ནན་དང་ཐོས་བསམ་ལ་བརྩེ་གཅིག་ཏུ་གཞོལ་ཏེ་ཆོས་ཕྱོགས་ཀྱི་སྐུ་ཡོན་དང་ཀུན་སྤྱོད་བློ་སྦྱོང་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། གྲྭ་དམངས་ཀྱིས་འདུལ་ཁྲིམས་སྲུང་བ་དང་ཐོས་བསམ་ལ་རྩེ་གཅིག་ཏུ་གཞོལ་རྒྱུར་སྣེ་ཁྲིད་དང་བསྟན་དོན་དགོངས་འགྲེལ་ཧུར་ཐག་གནང་ནས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བའི་སྣེ་ཁྲིད་བཅས་གནང་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཡོད་ཅེས་ནན་བཤད་གནང་བ་རེད།

བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་ཁྲིར་མངའ་གསོལ་ནས་ལོ་20འཁོར་བར་སྤྲོ་སེམས་ཆེན་པོས་རྟེན་འབྲེལ་ཞུས་པ་དང་། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་བཀའ་སློབ་ཐུགས་ལ་བཅངས་ནས་དེ་བས་ཡར་རྒྱས་ཡོང་བ་གནང་བ་དང་། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་གནང་ནས་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་རྒྱལ་གཅེས་ཡར་ཐོན་གྱི་དར་ཆ་ཞིག་ཏུ་འགྱུར་བ། ཆོས་ཕྱོགས་ཀྱི་སྐུ་ཡོན་དང་དེང་རབས་ཚན་རིག་རིག་གནས་ཀྱི་མཁྱེན་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་བསྟན་དོན་དེ་སྤྱི་ཚོགས་ཡར་རྒྱས་དང་དུས་རབས་ཀྱི་བླང་བྱ་དང་འཚམས་པའི་དགོངས་འགྲེལ་དང་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་མ་ཧུར་ཐག་བཏང་གནང་སྟེ་སྐུ་ཡོན་ཆེ་བ་དང་མཁྱེན་རྒྱ་ཟབ་པའི་སློབ་དཔོན་ཆེན་པོ་ཞིག་ཏུ་འགྱུར་བ། དད་ལྡན་མང་ཚོགས་ལ་བྱམས་སྐྱོང་དང་སྤྱི་ཚོགས་ལ་དོ་ཁུར་གནང་སྟེ་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་ཆེད་དུ་ཐབས་དང་ཇུས་ཧུར་ཐག་འདོན་གནང་བ་ཏང་དང་དད་ལྡན་མང་ཚོགས་ཀྱི་རེ་བ་ཆུད་ཟོས་སུ་མི་འགྲོ་བར་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་ཡར་རྒྱས་ལ་སྐུལ་མ་གཏོང་བའི་མིག་དཔེ་ཞིག་ཏུ་འགྱུར་བ་བཅས་ཀྱི་རེ་བ་ཡོད་ཅེས་གསུངས་པ་རེད།

བློ་བཟང་རྒྱལ་མཚན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་གནང་ནས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། དམངས་འཚོ་ལེགས་གཏོང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། སྣོད་བཅུད་བཟང་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་ཐེབས་པ། མཐའ་མཚམས་སྲ་བརྟན་བཅས་ཀྱི་རྣམ་པ་བཟང་པོ་བཏོད་ཡོད། དེང་སྐབས་རང་ལྗོངས་འདི་ཉིད་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཕམ་ཐག་གཅོད་ཀྱི་དུས་རིམ་དུ་སླེབས་ཡོད། རླབས་ཆེན་གྱི་ཏང་དང་། རླབས་ཆེན་གྱི་མེས་རྒྱལ། རླབས་ཆེན་གྱི་དུས་རབས། རླབས་ཆེན་གྱི་བྱ་གཞག་བཅས་ཀྱིས་ང་ཚོར་མཛེས་སྡུག་ལྡན་པའི་མདུན་ལམ་མངོན་པ་མ་ཟད་ང་ཚོར་ལས་འགན་དེ་བས་གསར་པ་དང་། དེ་བས་མཐོ་བ། དེ་བས་གཟི་བརྗིད་ལྡན་པ་བཅས་གནང་ཡོད། རྒྱ་ཆེའི་ཆོས་ཕྱོགས་ལས་རིགས་མི་སྣས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་དང་སྤྲུལ་སྐུ་འཕགས་པ་ལྷ་སོགས་མིག་དཔེར་བཟུང་ནས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཏང་གི་ཆོས་ལུགས་ལས་དོན་གྱི་རྩ་བའི་བྱེད་ཕྱོགས་སྒོ་ཀུན་ནས་ཡང་དག་ངང་ལག་ལེན་བསྟར་ཏེ་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ་དང་། དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་རབ་དང་རིམ་པ་དོན་འཁྱོལ་ལེགས་པར་བྱས་ཏེ་རྒྱ་ཆེའི་གྲྭ་བཙུན་ཚོས་སྒྱུར་འཕེལ་བརྟན་གསུམ་གྱི་གྲུབ་འབྲས་ལོངས་སུ་སྤྱོད་ཐུབ་པ་བྱས་ཏེ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་གནང་བ་དང་། ཁོང་གིས་ལོ་20ཡི་གོང་དུ་ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་ཀྲུང་དབྱང་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ངེས་སྲོལ་ལ་བརྩི་འཇོག་གང་ལེགས་གནང་ནས་ཆོས་ཕྱོགས་ཀྱི་གཏན་སྲོལ་ལྟར་ཡང་སྲིད་བཙལ་འཚོལ་དང་གསེར་བུམ་དཀྲུག་འདོན་གནང་བ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་གནང་བ་བརྒྱུད་ཕྲན་ནི་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་ཡང་སྲིད་ལ་ངོས་འཛིན་གནང་བ་དང་1995ལོའི་ཟླ་12ཚེས་8ཉིན་ཁྲི་འདོན་གྱི་མཛད་སྒོ་གཟབ་རྒྱས་འཚོགས་ནས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དངོས་སུ་བྱས་པ་ཡིན། དེ་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་སྒོ་ཀུན་ནས་དོན་འཁྱོལ་བྱུང་བ་མཚོན་པ་དང་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ཞུ་བའི་ཐད་ཀྱི་ཀྲུང་དབྱང་སྲིད་གཞུང་གི་ལོ་རྒྱུས་དབང་གྲགས་མཚོན་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་བརྒྱུད་ནང་བསྟན་དང་བོད་རིགས་མི་དམངས་ལ་ཐུགས་ཁུར་ཟབ་བཞེས་གནང་བ་མཚོན་གྱི་ཡོད་ཅེས་གསུངས་པ་རེད། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་འདི་ལོའི་ཟླ་6ཚེས་10ཉིན་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཕྲན་གྱི་གུས་མཇལ་བྱམས་བརྩེའི་ངང་དང་ལེན་དང་ཕྲན་གྱི་འཚར་ལོངས་ཡར་རྒྱས་ལ་ཁས་ལེན་གནང་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་ཆེད་དང་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་མ་གཏོང་ཆེད་ཕྲན་གྱིས་འབད་བརྩོན་དང་ལེགས་སྐྱེས་འབུལ་རྒྱུར་བླང་བྱ་བཏོན་གནང་བྱུང་། ཕྲན་གྱིས་ཀྲུའུ་ཞི་ཞིས་ཅིན་ཕིང་གི་བཀའ་སློབ་བློ་ལ་བརྟན་པོར་ངེས་ནས་རྒྱལ་ཁབ་དང་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་འགྲོ་བ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་དུས་རབས་གསར་པར་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་འཕེལ་རྒྱས་དང་འཚམས་པ་དང་དགེ་མཚན་ལྡན་པའི་ནུས་པ་འདོན་ཐུབ་མིན་དེ་བོད་འདི་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་བ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པ། བོད་བརྒྱུད་ནང་བསྟན་རྒྱུན་སྲིང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་རྒྱུར་སྐུལ་མ་གཏོང་བ་བཅས་ཀྱི་ཐད་སྣང་ཆུང་བྱེད་མི་རུང་བའི་དོན་སྙིང་ལྡན་ཡོད། ང་དང་འདིར་བཞུགས་བླ་མ་སྐྱེས་ཆེན་ཚོར་དོར་ཐབས་མེད་པའི་འགན་འཁྲི་ཡོད། བོད་བརྒྱུད་ནང་བསྟན་གྱིས་འགྲོ་བ་སྡུག་བསྔལ་ལས་བསྒྲལ་ཏེ་བདེ་བར་འགོད་པ་དང་དུས་རབས་ཀྱི་དགོས་མཁོ་དང་འཚམ་པར་བྱས་ནས་ནང་བསྟན་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་། རང་ངོས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་འཁོར་རྣམ་བཞིའི་བྱང་ཚད་མཐོ་རུགཏོང་བ་དང་། སྒྲིག་སྲོལ་ལམ་ལུགས་འཐུས་ཚང་དུ་གཏོང་བ། བསྟན་དོན་དགོངས་འགྲེལ་དང་འཆད་རྩོད་རྩོམ་གསུམ་བྱས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་ཤུགས་ཆེན་བྱེད་དགོས་ཞེས་གསུངས་པ་རེད།

རྟེན་འབྲེལ་མཛད་སྒོའི་ཐོག་ཚོགས་ཞུགས་འགོ་ཁྲིད་ཀྱིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ལ་མཇལ་དར་ཕུལ་ནས་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་། གཞིས་རྩེ་གྲོང་ཁྱེར་དང་ནག་ཆུ་ས་ཁུལ་བཅས་ཀྱིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ལ་གཏང་རག་ཕུལ་བ་རེད།

དེ་རྗེས་གྲྭ་དམངས་ཀྱིས་དུང་རྒྱ་གླིང་དཀྲོལ་བ་དང་ལྷན་དུ་ཞལ་འདོན་གནང་ནས་ཆོས་ལུགས་ཀྱི་འགྲོ་ལུགས་དང་གོ་རིམ་ལྟར་བཀྲས་ལྷུན་དགོན་གྱིས་ཆོས་ཕྱོགས་ཀྱི་མཛད་སྒོ་གཟབ་རྒྱས་འཚོགས་ནས་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་ཁྲིར་གསོལ་ནས་ལོ་20འཁོར་བར་རྟེན་འབྲེལ་ཞུས་པ་རེད།

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ཁྲིར་བཞུགས་པ་དང་བཀྲས་ལྷུན་དགོན་གྱི་གྲྭ་དམངས་ཀྱི་འཐུས་མིས་ཁོང་ལ་མཎྜལ་རྟེན་གསུམ་བཀྱགས་པ་དང་གྲྭ་དམངས་ཚོས་ད་དུང་ཚོགས་ཞུགས་འགོ་ཁྲིད་དང་སེར་སྐྱ་མང་ཚོགས་ལ་ཇ་བསྲུབས་མ་དང་གྲོ་མ་འབྲས་སིལ་སོགས་བཏང་གནང་བ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།