བྱིའུ་སྒང་ལུགས་ཀྱི་སྟོན་པའི་ཞལ་ཐང་།

ཉེ་དུས། བོད་ལྗོངས་ཆབ་མདོ་རྟེན་རྫས་བཤམས་སྟོན་ཁང་གི་ཐང་གའི་འགྲེམས་སྟོན་ཐོག་དམར་མདངས་ཆེ་བའི་ཐང་གའི་བརྩམས་ཆོས་གཉིས་མི་རྣམས་ཀྱི་མིག་ལམ་དུ་མངོན་ཡོད་པ་དང་། ཐང་ག་དེ་གཉིས་ནི་བྲིས་རྒྱུན་སྟོང་ལ་ཉེ་བའི་བྱེའུ་སྒང་ལུགས་ཀྱི་ཐང་གའི་བརྩམས་ཆོས་ཡིན་པ་དང་། ལོ་རྒྱུས་ཡུན་རིང་ལྡན་ཞིང་སྟོང་ལ་ཉེ་བའི་བྱིའུ་སྒང་ལུགས་ཀྱི་ཐང་གའི་རྒྱུན་འཛིན་པ་དེང་སྐབས་སུ་གནས་ཡོད་པ་དེ་ནི་མི་རྣམས་དགའ་འོས་པ་ཤིག་ཡིན།

བྱེའུ་སྒང་པའི་ལུགས་ཀྱི་ཐང་ག་ནི་དུས་རབས་བཅུ་གསུམ་པའི་ནང་ལྷོ་ཁ་ཡར་ཀླུང་དུ་སྐུ་འཁྲུངས་པའི་བོད་ཀྱི་རི་མོ་མཁས་ཅན་བྱིའུ་སྒང་པ་ཞེས་པས་གསར་གཏོད་མཛདཔ་ཤིག་ཡིན་པ་དང་། བྱིའུ་སྒང་པའི་ལུགས་ཀྱི་ཐང་གའི་ཁྱད་ཆོས་གཙོ་བོ་ནི་བལ་ལུགས་བྲིས་རྒྱུན་གྱི་ལེགས་ཆ་སོར་བཞག་ཐོག་བོད་མི་རིགས་ཀྱི་འཚོ་བ་དང་བསམ་བློའི་ཁྱད་ཆོས་མཚོན་པའི་ཉམས་འགྱུར་བཏོན་ཏེ། ལྡེབས་རིས་དང་ཐང་ག་རྣམས་ཀྱི་རྒྱབ་ཏུ་ཡུལ་ལྗོངས་ཀྱི་བཀོད་པ་མི་དགོས་པར། གཞི་ཚོན་གཅིག་གི་སྟེང་དུ་རེའུ་མིག་བཀོད་དེ་དབུས་སུ་ལྷ་གཙོ་བོ་དེ་རེའུ་མིག་ཆེ་བ་དང་། མཐའ་སྐོར་དུ་འཁོར་རྣམས་རེའུ་མིག་ཆུང་བ་ཞིག་གི་ནང་དུ་བྲིས་ཡོད། སྨྱུག་རིས་ཞིབ་ཚགས་པ། ལྷ་སྐུའི་གཟུགས་བརྙན་ལྟ་ན་སྡུག་པ་བཅས་བལ་ལུགས་བྲིས་རྒྱུན་ནས་རང་ལུགས་ཀྱི་བྲིས་རྒྱུན་དུ་གསར་གཏོད་མཛད་ཡོད། དེ་ནས་བཟུང་གོང་གི་དུས་རབས་གཉིས་ལྷག་ཙམ་རིང་ཐང་གའམ་ལྡེབས་རིས་རྣམས་བལ་རིས་སུ་འབྲི་སྲོལ་དར་བ་དེ་རིམ་བཞིན་བྱིའུ་སྒང་པའི་རང་ལུགས་ཀྱི་བྲིས་རྒྱུན་དུ་དར་འགོ་ཚུགས་པ་ཡིན།

བྱིའུ་སྒང་པའི་ལུགས་ཀྱི་ཐང་ག་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་ཐང་གའི་བྲིས་རྒྱུན་ཞིག་ཡིན་པ་དང་། བྲིས་རྒྱུན་དེ་སྟོང་ལ་ཉེ་བས་དེང་སྐབས་རི་བོ་ཆེ་དགོན་སོགས་ཀྱི་གནའ་བོའི་དགོན་སྡེ་ཁག་གི་ལྡེབས་རིས་སོགས་སུ་མཐོང་རྒྱུ་ཡོད་པ་མ་གཏོགས་བྱིའུ་སྒང་ལུགས་ཀྱི་ཐང་ག་ཧ་ལམ་མཐོང་རྒྱུ་མེད་པར་གྱུར་ཡོད། འགྲེམས་སྟོན་ཐོག་ཏུ་མངོན་པའི་ཐང་ག་དེ་གཉིས་ནི་གྲགས་པ་བསྟན་འཛིན་གྱིས་བྲིས་པའི་བརྩམས་ཆོས་ཤིག་ཡིན་པ་དང་། ཁོང་ནི་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་ལག་ཤེས་བཟོ་རྩལ་གྱི་ཁྱིམ་རྒྱུད་མི་རབས་བཞི་པའི་རྒྱུན་འཛིན་པ་ཤིག་ཡིན།

བོད་ལྗོངས་རྩོག་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧན་ཧྲུའུ་ལི་ནས་གྲགས་པ་བསྟན་འཛིན་གྱིས་བྲིས་པའི་བརྩམས་ཆོས་སྤྱི་ཡོངས་ཀྱི་ཐང་གའི་ཚོན་མདངས་དམར་ཤས་ཆེ་ཞིང་ལྷ་སྐུའི་གཟུགས་བརྙན་འབུར་དུ་ཐོན་པ། སྨྱུག་རིས་ཞིབ་ཚགས་པ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད་ཅེས་བཤད། གྲགས་པ་བསྟན་འཛིན་གྱིས་བྲིས་པའི་བྱིའུ་སྒང་ལུགས་ཀྱི་ཐང་གའི་བརྩམས་ཆོས་བསྐྱར་དུ་མི་རྣམས་ཀྱི་མིག་ལམ་དུ་མངོན་པ་དེས་བོད་ལྗོངས་ཀྱིས་བྱིའུ་སྒང་ལུགས་ཀྱི་ཐང་གའི་འབྲི་སྲོལ་མི་ཉམས་གོང་འཕེལ་གཏོང་ཆེད། བྱིའུ་སྒང་ལུགས་ཀྱི་ཐང་གའི་རྒྱུན་འཛིན་པ་འཚོལ་ཞིབ་ཐོ་བཀོད་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ཡོད།

 བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ཆ་གྲགས་པ་བསྟན་འཛིན་ཕུད་མངའ་རིས་ས་ཁུལ་དུ་རྒྱུན་འཛིན་པ་ཉུང་ཤས་ཤིག་ལས་མེད་པས་དེར་བརྟེན་བྱིའུ་སྒང་ལུགས་ཀྱི་ཐང་ག་རྒྱུན་འཛིན་བྱེད་རྒྱུ་ནི་གལ་འགངས་ཆེན་པོ་ཞིག་ཏུ་གྱུར་ཡོད། གྲགས་པ་བསྟན་འཛིན་གྱིས་ལོ་གསུམ་ནས་ལྔའི་བར་རང་ཉིད་ཀྱི་དགེ་ཕྲུག་ཁྲོད་ནས་ཕུལ་བྱུང་གི་དགེ་ཕྲུག20བྱིའུ་སྒང་ལུགས་ཀྱི་ཐང་གའི་རྒྱུན་འཛིན་པར་གསོ་སྐྱོང་བྱས་ནས། སྟོང་ལ་ཉེ་བའི་ཐང་གའི་བྲིས་རྒྱུན་དེ་མ་ཉམས་རྒྱུན་འཛིན་ཐུབ་པ་བྱེད་རྒྱུ་ཡིན་ཅེས་བཤད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།