ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ལྷ་ས་གྲོང་ཁྱེར་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད་ཀྱི་ཚོགས་འདུའི་ཐོག་ལྷ་སར་རང་སྐྱོང་ལྗོངས་རིམ་པའི་ལྷ་ས་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་འཛུགས་རྒྱུར་ཞིབ་འཇུག་དང་ཆོག་མཆན་གནང་ཞིང་། སྣེའུ་ཁུལ་གསར་གྱི་བྱང་རྒྱུད་དང་དབུས་རྒྱུད་ལྟེ་བའི་ཁུལ་དང་། སྣེའུ་ཁུལ་གསར་གྱི་ལྷོ་རྒྱུད་དང་དོན་གྲུབ་དངུལ་རྩ་ཐོན་ལས་གླིང་རྒྱ་སྐྱེད་ཁུལ་དུ་བྱེད་པའི་རང་སྐྱོང་ལྗོངས་རིམ་པའི་མཐོ་གསར་ཁུལ་དེའི་ནང་ལྟེ་བའི་ཁུལ་གྱི་འཆར་འགོད་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ16.81དང་རྒྱ་སྐྱེད་ཁུལ་གྱི་འཆར་འགོད་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ27.36རེད།

ལྷ་ས་གྲོང་ཁྱེར་མཐོ་གསར་ཁུལ་འཛུགས་སྐྲུན་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ལས་དོན་མི་སྣས་ངོ་སྤྲོད་གནང་བར་གཞིགས་ན། བོད་ནི་རྒྱལ་ཡོངས་ནང་ནས་རྒྱལ་ཁབ་ཀྱི་མཐོ་གསར་ཁུལ་མེད་པའི་ས་ཁུལ་འབའ་ཞིག་ཡིན། ལྷ་ས་མཐོ་གསར་ཁུལ་བཙུགས་རྗེས་ལྗོངས་ཡོངས་ཀྱི་དཔལ་འབྱོར་གྱི་སྤུས་ཀ་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་ཕན་ཐོགས་དང་། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་བཀོད་པ་ལེགས་སུ་བཀོད་རྒྱུར་ཕན་ཐོགས། བོད་ཀྱི་གསར་གཏོད་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས་ཀྱི་རྒྱུན་སྲིང་སྒུལ་ཤུགས་ཆགས་རྒྱུར་ཕན་ཐོགས། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་བཟུང་རྒྱུར་ཕན་ཐོགས་བཅས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱིས《ལྷ་ས་མཐོ་གསར་ཁུལ་གྱི་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད》བཟོ་བཅོས་བརྒྱབ་ཟིན་པ་དང་། 《ལྷ་ས་མཐོ་གསར་ཁུལ་འཕེལ་རྒྱས་མགྱོགས་པོ་གཏོང་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ལག་བསྟར་བསམ་འཆར》དང《ལྷ་ས་མཐོ་གསར་ཁུལ་གྱི་གཟིགས་སྐྱོང་སྲིད་ཇུས》བཏོན་ནས་མཐོ་གསར་ཁུལ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ་རེད།

 མིག་སྔར་ལྷ་ས་མཐོ་གསར་ཁུལ་གྱི་རྣམ་གྲངས་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་སྒོར་དུང་ཕྱུར5.5གཏོང་རྒྱུ་ཡིན་པ་དང་ད་བར་སྒོར་དུང་ཕྱུར1.5བཏང་ཡོད།གྲོང་ཁྱེར་གྱི་འགྲོ་ལམ་དང་།ཚད་ལྡན་ཅན་གྱི་བཟོ་ཁང་། ཆུ་མཁོ་འདོན་བཟོ་གྲྭ མཐོ་གསར་ཁུལ་དབུས་རྒྱུད་ནང་གི་རི་རྒྱུད་ཆུ་འགོག་ཡུར་བུ་སོགས་ཀྱི་རྣམ་གྲངས་སྔ་རྟིང་དུ་ལས་འགོ་ཚུགས་པ་དང་རྐང་འཛིན་ལམ་དྲ་དང་ལེ་ལག་ཚང་བའི་སྒྲིག་བཀོད་སྤྱིར་ན་སྒྲོམ་གཞི་ཆགས་ནས་ཚོད་དཔག་བྱས་ན་ཕྱི་ལོའི་ཟླ་དྲུག་པར་ལེགས་སྒྲུབ་ཡོང་རྒྱུ་རེད། ལྷ་ས་མཐོ་གསར་ཁུལ་དེ་ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལྟར་མ་དངུལ་གཏོང་བར་འདོད་མཐུན་ཡོད་པའི་ཁེ་ལས15ནང་འདྲེན་བྱས་པ་དང་མ་དངུལ་གཏོང་འབོར་སྒོར་དུང་ཕྱུར150ཡིན་པ་དང་། འདོད་མཐུན་རང་བཞིན་གྱི་གྲོས་མཐུན་བཞག་པའི་ཁེ་ལས5དང་མ་དངུལ་གཏོང་བའི་གཞི་ཁྱོན་སྒོར་དུང་ཕྱུར36.5ཟིན་ཞིང་། 2016ལོར་སླེབས་སྐབས་ལྷ་ས་མཐོ་གསར་ཁུལ་གྱི་གཞི་ཁྱོན་རགས་ཙམ་ཆགས་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།