ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པར་ཉེ་ཆར་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་ཞིང་འབྲོག་ཅུས་ནས་ཤེས་རྟོགས་བྱུང་གསལ། ནག་ཆུས2011ལོར་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་ཁ་གསབ་བྱ་དགའི་ལམ་སྲོལ་ཁྱོན་ཡོངས་ནས་ལག་བསྟར་བྱེད་འགོ་བཙུགས་པ་ནས་ད་བར་དུ་ཁྱོན་རྩྭ་ཁ་བཀག་ཁུལ་མུའུ་ཁྲི5638བཙུགས་ནས་ཕྱུགས་རིགས་ལུག་རྩིས་གཞི་ཁྲི190ལྷག་ཙམ་ཉུང་དུ་བཏང་བས“རྩྭ་ཕྱུགས་དོ་མཉམ”བྱུང་ཡོད་པ་རེད།

ནག་ཆུ་ས་ཁུལ་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ནག་ཆུས་རིམ་རྩིས་བརྒྱབ་ན2011ལོ་ཚུན་དུ་ཕྱུགས་རིགས་ལུག་རྩིས་གཞི་ཁྲི190ལྷག་ཙམ་ཉུང་དུ་བཏང་ནས“རྩྭ་ཕྱུགས་དོ་མཉམ”བྱུང་ཡོད་པ་རེད། ཁོང་གིས་རྩྭ་ཁ་བཀག་ཁུལ་གྱི་སྔོ་ཁེབས་སླར་གསོ་བྱུང་ཚད་མངོན་གསལ་དོད་པོ་ཡོད་དེ། སྔོ་ཁེབས་ཚད60%ནས70%བར་ཟིན་པ་མ་ཟད་ད་དུང་རྩྭ་རིགས་སྣ་ཁ་མང་དུ་སོང་ནས་རྩྭ་ཐང་ཞན་འགྱུར་དང་བྱེ་འགྱུར་འགྲོ་ཚད་དམའ་རུ་ཕྱིན་ཡོད་ཅེས་བཤད་པ་རེད།

གཞན་ཡང་ནག་ཆུ་ས་ཁུལ་ཞིང་འབྲོག་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན། 2011ལོ་ཚུན་དུ་ས་གནས་དེ་གས་ལོ་རེར་འབྲོག་པ་མང་ཚོགས་ལ་ཁ་གསབ་བྱ་དགའི་མ་དངུལ་སྒོར་དུང་ཕྱུར4.8ནས6.7བར་སྤྲད་པ་དེས་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཀྱི20%ཡས་མས་བཟུང་ནས་ཞིང་འབྲོག་པར་འབབ་འཕར་ཡོང་རྒྱུར་སྐུལ་འདེད་མངོན་གསལ་དོད་པོ་ཐེབས་ཡོད་པ་རེད།

ཚེ་རིང་གིས་བོད་ཀྱི་ཞིང་འབྲོག་ལས་མ་ལག་ཁྲོད་ནག་ཆུ་ལ“གསུམ་ཆ་གཅིག་གསུམ”ཞེས་ཤོད་སྲོལ་ཡོད་དེ། ཕྱུགས་རིགས་གྲངས་འབོར་དང་། རྩྭ་སའི་རྒྱ་ཁྱོན། ཞིང་འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་བཅས་ཚང་མས་བོད་ཀྱི་གསུམ་ཆ་གཅིག་ཟིན་པ་དང་ཆབས་ཅིག“ས་མཐོའི་གཅེས་ནོར”ནོར་གནག་གི་ཐོན་ཁུལ་གཙོ་བོ་ཡང་ཡིན། “ནག་ཆུར‘རྩྭ་ཕྱུགས་དོ་མཉམ’ཡོང་བར་བྱས་ན། བོད་ཡོངས་ཀྱི་ཞིང་འབྲོག་ལས་རིགས་སྐྱོན་བྲལ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་འགྲོ་ཐུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་བཤད་པ་རེད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།