ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་བཏོན་པའི“གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད”བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔའི་ཁྲོད་ཀྱི“ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་མཛེས་སྡུག་ལྡན་པའི་ཀྲུང་གོ་བསྐྲུན་རྒྱུར་སྐུལ་མ་གཏོང་དགོས”ཞེས་པ་དེས་མི་རྣམས་ལ་ཐོས་སྣང་གསར་པ་ཞིག་སྦྱིན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུའི་དགོངས་གཞིར་གྱུར་བའི་ལྗང་མདོག་འདུ་ཤེས་དེ་ཉིད་རང་རྒྱལ་གྱི་འཕར་གཞི་དང་སྲུང་སྐྱོང་གི་དཀའ་གནད་སེལ་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་ཐབས་ལམ་གསར་པ་ཞིག་ཏུ་འགྱུར་ངེས་ཡིན་པ་རེད།

མཚོ་བོད་ས་མཐོའི་གཙོ་བོའི་བོད་དུ་སྐྱེ་དངོས་དང་སྲོག་ཆགས་ཀྱི་ཐོན་ཁུངས་དང་གཏེར་རྫས་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་སྟབས་རྒྱལ་ཁབ་ཀྱི་སྣོད་བཅུད་སྲུང་ཡོལ་དང་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན། ཕྱི་ཕྱོགས་སུ་བོད་ཀྱི་གཟུགས་བརྙན་དྲིལ་བསྒྲགས་བྱེད་སྐབས་ལྟ་ན་སྡུག་པའི་རང་བྱུང་མཛེས་ལྗོངས་དང་ཞི་མཐུན་གྱི་སྣོད་བཅུད་ཁོར་ཡུག་ནི་ངོམས་སྟོན་བྱེད་ས་གཙོ་བོའི་གྲས་སུ་གྱུར་ཡོད། སྣོད་བཅུད་ཤེས་དཔལ་གྱི་རྒྱབ་ཏུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རང་སྐྱོང་ལྗོངས་ཀྱིས་ལྗང་མདོག་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་བས་ལྗང་མདོག་འཕེལ་རྒྱས་རང་ལྗོངས་སུ་གྲུབ་འབྲས་ཐོན་པའི་གསོན་ཉམས་ཀྱི་ལག་ལེན་དུ་གྱུར།

“བོད་ནི་འཛམ་གླིང་གི‘སྣེ་གསུམ་པ’དང་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཡིན་མོད། འོན་ཀྱང་སྣོད་བཅུད་མ་ལག་དང་སྣོད་བཅུད་ཁོར་ཡུག་ཧ་ཅང་ཉམས་ཞན་ཡིན་པས། བོད་ཀྱི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་དང་ནགས་ཚལ་རྩྭ་ཐང་སྲུང་སྐྱོང་ཡག་པོ་བྱས་པ་དེ་ནི་རྒྱལ་ཡོངས་དང་འཛམ་གླིང་ཡོངས་ལ་ལེགས་སྐྱེས་གལ་ཆེན་ཕུལ་བ་ཞིག་རེད”ཅེས་ཏང་ཀྲུང་དབྱང་གིས་རང་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཐུགས་ཁུར་ཟབ་མོ་གནང་ནས་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ཐེངས་མང་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་ལྗོངས་ཡོངས་ཀྱི་ཁྱོན་ཡོངས་འཕེལ་རྒྱས་ཡོང་བར་དམ་འཛིན་ལྷོད་མེད་ཀྱི་བྱ་གཞིར་བརྩིས་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་། བདེ་འཇགས་ཐོན་སྐྱེད། ཁོར་ཡུག་སྲུང་སྐྱོང་བཅས་ཀྱི“མཚམས་ཐིག་གསུམ”བཙུགས་ཡོད།

 ལྗང་མདོག་འཕེལ་རྒྱས་ཀྱི་ལྷུ་ཚིགས་དང་པོ་ནི་ཁོར་ཡུག་ལ་དོ་དམ་ནན་པོ་བྱ་རྒྱུ་དེ་ཡིན། རང་ལྗོངས་ཀྱིས་སྔ་བར་ཕྱི་གསུམ་དུ་བཟོ་ལས་འཕེལ་རྒྱས་ཐད་གཟབ་ནན་བྱ་རྒྱུའི་རྩ་དོན་མཐའ་འཁྱོངས་ཀྱིས་སྦགས་བཙོག་ཆེ་བ་དང་ཟད་གྲོན་ཆེ་བའི་བཟོ་ལས་འཕེལ་རྒྱས་བཀག་འགོག་བྱེད་པ་དང་། རྒྱལ་ཁབ་ནས་བཀའ་ཁྱབ་ཞིབ་གསལ་བཏང་ནས་མེད་པ་བཟོ་བའམ་འཛུགས་སྐྲུན་མཚམས་འཇོག་བྱེད་པའི་རིགས་དང་། རྒྱལ་ཁབ་ཐོན་ལས་སྲིད་ཇུས་དང་མི་མཐུན་པའི་ཐོན་ལས་རྣམ་གྲངས་རང་ལྗོངས་སུ་སྤོ་རྒྱུ་མཐའ་གཅིག་ཏུ་བཀག་སྟེ་འབྱུང་རྩ་ནས་ཁོར་ཡུག་སྦགས་བཙོག་དང་སྣོད་བཅུད་གཏོར་སྐྱོན་ཚོད་འཛིན་ཐུབ་པ་བྱས་ཡོད།

རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གི་ཐིང་ཀྲང་གཞོན་པ་ཀྲོང་ཧུང་ཞང་གིས“2013ལོ་ནས་བཟུང་རང་ལྗོངས་ཀྱིས་གཏེར་རྫས་ཐོན་ཁུངས་གསར་སྤེལ་བྱེད་སྐབས་རང་སྐྱོང་ལྗོངས་སྲིད་གཞུང་གི‘སྨྱུག་གཅིག་མའི’ཞིབ་མཆན་ལམ་ལུགས་དང་ཁོར་ཡུག་སྲུང་སྐྱོང་གི‘སྤ་སེ་གཅིག་གིས་ཁྲ་སློག་གཏོང་བའི’ལམ་ལུགས་ལག་བསྟར་བྱས་ནས་གཏེར་རྫས་ཐོན་ཁུངས་གསར་སྤེལ་ཐད་ཁོར་ཡུག་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཁོར་ཡུག་སྲུང་སྐྱོང་ཆོག་འཐུས་དང་། ཐོན་ལས་སྲིད་ཇུས། ཐོན་ཁུངས་ཟད་གྲོན་བཅས་ཀྱི་འགག་སྒོ་ནན་པོ་སྲུང་ནས‘ཁོར་ཡུག་སྲུང་སྐྱོང་གི་ཞིབ་མཆན་དབང་ཆ་དང་པོ’དོན་འཁྱོལ་ཡག་པོ་བྱས་ཡོད”ཅེས་བཤད།

“དཔལ་འབྱོར་འཕེལ་རྒྱས་འགོར་དུ་གཏོང་དགོས་བྱུང་ཡང་སྣོད་བཅུད་ཁོར་ཡུག་བློས་གཏོང་བྱ་རྒྱུ་མེད”ཅེས་པ་དེ་ནི་རང་ལྗོངས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་གལ་ཆེན་ཞིག་རེད། རང་སྐྱོང་ལྗོངས་སྲིད་གཞུང་དང་ས་ཁུལ(གྲོང་ཁྱེར)དབར་སྦགས་བཙོག་དངོས་པོ་གཙོ་བོའི་སྤྱི་འབོར་གྱི་བཙོག་འབུད་ཉུང་གཏོང་དམིགས་ཚད་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་པ་དེས་སྦགས་བཙོག་དངོས་པོ་གཙོ་བོའི་སྤྱི་འབོར་ཚོད་འཛིན་གྱི་སྟོན་གྲངས་ས་ཁུལ(གྲོང་ཁྱེར་དང་སྲིད་འཛིན་ཀུང་ཧྲུའུ)ཁག་ལ་ཆ་གསེད་དང་ཁེ་ལས་ཀྱི་མིང་ཐོར་བབ་བསྟུན་གསར་བརྗེས་ངང་གཙོ་གནད་དུ་ལྟ་སྐུལ་ཚོད་འཛིན་བྱས་པས་སྦགས་བཙོག་ཁེ་ལས་གཙོ་བོར་བཅོས་སྒྲིག་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་ཕྱིན་ཡོད།

སྦགས་བཙོག་བཅོས་སྒྲིག་ཐད་རང་ལྗོངས་ཀྱིས་ཉེ་བའི་ལོ་ཤས་རིང་གྲོང་ཁྱེར་དང་གྲོང་རྡལ་གལ་ཆེན་དང་། འགྲིམ་འགྲུལ་གཞུང་ལམ་གྱི་ལམ་རྒྱུད། གཙོ་གནད་ཡུལ་སྐོར་མཛེས་ལྗོངས་ཁུལ(ས་ཚིགས)གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་དོན་བསྟུད་མར་སྤེལ་ཡོད། ལྷ་ས་གྲོང་ཁྱེར་དང་ཆབ་མདོ་གྲོང་ཁྱེར་གྱི་བཙོག་ཆུ་དྭངས་གསིང་བཟོ་གྲྭ་གཉིས་སྤྱོད་འགོ་ཚུགས་པ་དང་། གཞིས་རྩེ་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་སོགས་ཀྱི་འཚོ་བའི་བཙོག་ཆུ་དྭངས་གསིང་བཟོ་གྲྭ་5སྤྱིར་ན་བསྐྲུན་ཟིན་ཡོད། ལྷུན་གྲུབ་རྫོང་དང་མལ་གྲོ་གུང་དཀར་རྫོང་གྲོང་གི་བཙོག་ཆུ་མི་ཐབས་ཀྱིས་འདམ་རར་གཏོང་བའི་ཚོད་ལྟའི་རྣམ་གྲངས་བསྐྲུན་ནས་ཚོད་ལྟ་བྱེད་བཞིན་ཡོད་ཅིང་། ན་ནིང་ལོ་མཇུག་བར་ལྗོངས་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་སྦས་ས་56བསྐྲུན་པ་དང་འབྲེལ་སྤྱོད་འགོ་ཚུགས་ཡོད།

སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་དང་དེང་རབས་འཚོ་བའི་གོམ་སྟབས་མགྱོགས་སུ་འགྲོ་བ་དང་བསྟུན་ནས་ལྗང་མདོག་འཕེལ་རྒྱས་དེ་ཚན་རྩལ་དང་དེ་བས་ཁ་བྲལ་ཐབས་མེད་པར་གྱུར། རྩོམ་འབྲི་བྱེད་བཞིན་པའི《བོད་རང་སྐྱོང་ལྗོངས་ཀྱི་རིག་ནུས་ཁོར་ཡུག་སྲུང་སྐྱོང་འཛུགས་སྐྲུན་འཆར་འགོད》གཞིར་བཟུང་རང་ལྗོངས་ཀྱིས་རང་འགུལ་ལྟ་སྐུལ་ཚོད་འཛིན་དང་། སྲུང་སྐར་རྒྱང་ཚོར། མི་མེད་གནམ་གྲུ་སོགས་ལག་རྩལ་ལྟ་སྐུལ་ཚོད་འཛིན་གྱི་བྱེད་ཐབས་སྤྱོད་རྒྱུར་མགྱོགས་མྱུར་སྐུལ་མ་བཏང་ནས་ཁོར་ཡུག་སྲུང་སྐྱོང་དང་ལྟ་སྐུལ་དོ་དམ་གྱི་ནུས་པ་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུ་རེད།

“གོ་ལ་ཧྲིལ་པོའི་གནམ་གཤིས་ལ་འགྱུར་ལྡོག་འགྲོ་བའི་རྒྱབ་ལྗོངས་ཆེན་པོའི་འོག་རང་ལྗོངས་ཀྱི་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་མངོན་གསལ་དོད་པས་ཁོར་ཡུག་སྲུང་སྐྱོང་སོགས་སྡེ་ཚན་གྱིས་སྲུང་སྐར་རྒྱང་ཚོར་སོགས་ཚན་རྩལ་མཐོ་བའི་བྱེད་ཐབས་ལ་བརྟེན་ནས་ན་ཁ་དང་། མཚོ་མཚེའུ། འདམ་ར། ནགས་ཚལ། གངས་གསོག འཁྱག་རོམ་སོགས་ལ་སྣོད་བཅུད་ཁོར་ཡུག་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ་དམིགས་སའི་རང་བཞིན་ལྡན་པའི་ངང་ཞབས་ཞུ་འགན་ལེན་བྱས་ཡོད”ཅེས་ཀྲོང་ཧུང་ཞང་གིས་བཤད།

རང་ལྗོངས་སུ་ས་རྒྱ་ཆེ་ལ་མི་འབོར་ཉུང་བའི་ཁར་གྲང་ངར་ཆེ་ལ་གསོ་རླུང་དཀོན་པ་དང་རྨང་གཞིའི་སྒྲིག་ཆས་བལྟོས་བཅས་ཀྱིས་རྗེས་སུ་ལུས་པ་མ་ཟད། ས་ཁུལ་ཁག་གཅིག་ལ་འགྲིམ་འགྲུལ་སྟབས་བདེ་མེད་པས་རྒྱུན་གཏན་བྱེད་ཐབས་ཀྱིས་སྤྱི་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་གི་འགྱུར་ལྡོག་གནས་ཚུལ་སྟངས་འཛིན་བྱེད་དཀའ་བར་བརྟེན་རང་ལྗོངས་ཀྱིས་སྣོད་བཅུད་ཁོར་ཡུག་ལ་ལོ་བཅུའི་རྒྱང་ཚོར་བརྟག་དཔྱད་དང་ཚོད་སྐོར་ལས་ཀའི་ཇུས་གཞི་བཟོས་ནས་ལྗོངས་ཡོངས་ལ་ཁྱབ་པའི“གཅིག་འཐུས”ཀྱི་རྒྱང་ཚོར་ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱའི་མ་ལག་གཅིག་འཛུགས་རྒྱུ་དང་དེ་བཞིན་ནུས་པ་ཆ་ཚང་ཞིང་ཐུན་མིན་ཁྱད་ཆོས་ལྡན་པ་དང་དུས་ཐོག་ཏུ་ཞབས་ཞུ་ཐུབ་པའི་རྒྱང་ཚོར་ཉེར་སྤྱོད་མ་ལག་དང་ཞབས་ཞུའི་ལས་སྟེགས་གཏོད་རྒྱུ་རེད།

མིག་སྔར་ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)7ལ་རྒྱལ་ཁབ་དང་འབྲེལ་མཐུད་ཐུབ་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་མཁའ་རླུང་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་བྱས་པའི་གྲངས་གཞི་དུས་ཐོག་ཏུ་ཁྱབ་བསྒྲགས་བྱ་རྒྱུ་ལེགས་གྲུབ་ཟིན་ནས་ཁོར་ཡུག་དང་མཁའ་རླུང་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ལས་ཀ་ལྗོངས་ཡོངས་ཀྱི་རྫོང(ཆུས)74ཁྱབ་ཡོད། འབྲེལ་ཡོད་ལྟ་ཞིབ་ཚད་ལེན་གྱི་ཚོད་སྐོར་གྲངས་གཞི་ལས་མངོན་པར། རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་ཁྲོད་ལྷ་སའི་མཁའ་རླུང་སྤུས་ཚད་མུ་མཐུད་མདུན་གྲལ་དུ་སླེབས་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་། གཞིས་རྩེ་གྲོང་ཁྱེར་སོགས་གྲོང་ཁྱེར་དང་གྲོང་རྡལ་གཙོ་བོའི་མཁའ་རླུང་དང་ཁོར་ཡུག་གི་སྤུས་ཚད་སྤྱི་ཡོངས་བཟང་ཙམ་ཡོད། རང་ལྗོངས་ནི་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ཐོག་གི་ཁོར་ཡུག་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན།

རང་བྱུང་ཁམས་ཀྱིས་བོད་ལ་ལྟ་ན་སྡུག་པའི་མཛེས་ལྗོངས་དེ་འདྲ་ཞིག་གནང་བས་དེའི་ཞི་མཐུན་ལྡན་པའི་སྣོད་བཅུད་སྲུང་སྐྱོང་བྱ་རྒྱུ་ནི་འགན་འཁྲི་ཞིག་དེ་བས་ལགས། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་པ་དང་བསྟུན་ནས་རང་ལྗོངས་ཀྱིས་ངེས་གནས་གསར་པ་དང་མཐོ་ཚད་གསར་པའི་ཐོག་ནས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱས་ཏེ་བོད་ལྗོངས་སྔར་བས་མཛེས་སྡུག་ལྡན་པ་ཡོང་བ་བྱེད་དགོས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།