ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གྲོལ་མ་ཐག་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཐོག་ཀྲུང་དབྱང་གི་དབུལ་སྐྱོར་གསར་སྤེལ་ལས་དོན་ཚོགས་འདུའི་དགོངས་དོན་དང་ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་གྱིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་མཐའ་འཁྱོངས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ཐོབ་པ་བྱས་ཏེ་མི་འབོར་ཁྲི69ཚང་མ་དབུལ་སྒྲོལ་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་ཡོད། ཉིན་ཤས་བསྟུད་མའི་རིང་རང་ལྗོངས་ཀྱི་ལས་བྱེད་མང་ཚོགས་ཚོས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱེད་པའི་གལ་ཆེའི་དོན་སྙིང་གསལ་ཤེས་གཏིང་ཟབ་ཐུབ་པ་བྱེད་པ་དང་། སེམས་ཐག་གཙང་བཅད་ངང་ཚོགས་འདུའི་དགོངས་དོན་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ཤུགས་ཆེའི་ལས་ཀའི་སྒུལ་ཤུགས་སུ་འགྱུར་བ་བྱས་ཏེ་གནད་སྨིན་ཤུགས་འདོན་དང་ཕྱོགས་བསྟུན་ཇུས་འགོད་ཀྱིས“ལོ་ལྔ་ཚན་བཅུ་གསུམ་པའི”དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ཐོབ་པ་བྱེད་རྒྱུ་ཡིན་ཞེས་བཤད་པ་རེད།

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལྷོ་ཁ་ས་ཁུལ་གྱི་དབུལ་སྐྱོར་ལས་དོན་རྙོག་འཛིང་དང་དཀའ་ཚེགས་ཆེ་བའི་མཐའ་མའི་དུས་སུ་སླེབས་ཤིང་། ས་ཁུལ་དབུལ་སྐྱོར(ཞིང་ལས་གསར་སྤེལ)གཞུང་ལས་ཁང་གི་ཀྲུའུ་རེན་ལིའུ་ཅན་ཅུན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་གནད་འཁེལ་རོགས་སྐྱོར་ཐུབ་པ་བྱེད་དགོས།

 ལྷོ་ཁའི་ཡུལ་ཕྱོགས་ཁག་དབར་གྱི་གནས་ཚུལ་ཧེ་བག་ཆེན་པོ་ཡོད་པས་བྱ་ཐབས་གཅིག་ལ་བརྟེན་ནས་དབུལ་སྐྱོར་ལས་དོན་སྤེལ་མི་རུང་བར་ཡུལ་བབ་དང་བསྟུན་པ་དང་ཐབས་ལམ་མང་པོ་དང་བྱ་ཐབས་སྣ་ཚོགས་ལ་བརྟེན་པའི་གནད་སྨིན་དབུལ་སྐྱོར་གྱི་ལམ་བུ་གསར་པ་གཏོད་དགོས། ཡིག་ཚགས་དང་གཱ་བཟོས་པའི་དབུལ་སྐྱོར་བྱ་ཡུལ་གྱི་དབུལ་པོར་གྱུར་པའི་རྒྱུ་རྐྱེན་དང་རོགས་སྐྱོར་གྱི་དགོས་མཁོ་མི་འདྲ་བར་གཞིགས་ནས་ལྷོ་ཁ་ས་ཁུལ་གྱིས་ཐོན་སྐྱེད་གོང་འཕེལ་བཏང་ནས་ཁག་གཅིག་དབུལ་སྒྲོལ་ཐུབ་པ་དང་། ཡུལ་གཞན་དུ་སྤོས་ནས་ཁག་གཅིག་དབུལ་སྒྲོལ་ཐུབ་པ། སྣོད་བཅུད་སྐྱིན་གསབ་བྱས་ནས་ཁག་གཅིག་དབུལ་སྒྲོལ་ཐུབ་པ། སློབ་གསོ་གོང་འཕེལ་བཏང་ནས་ཁག་གཅིག་དབུལ་སྒྲོལ་ཐུབ་པ། སྤྱི་ཚོགས་འགན་ལེན་མཐར་ཕྱིན་བྱས་ནས་ཁག་གཅིག་དབུལ་སྒྲོལ་ཐུབ་པ་བཅས་ཀྱི“ཁག་གཅིག་ལྔའི”དབུལ་སྐྱོར་འགག་སྒྲོལ་བྱ་སྤྱོད་ཀྱི་འཆར་གཞི་གནད་སྨིན་ལག་བསྟར་བྱས་ཏེ2018ལོར་སླེབས་སྐབས་ལྷོ་ཁ་ས་ཁུལ་དུ་དུད་ཚང11391གི་མི་གྲངས39769ཡི་དབུལ་སྐྱོར་བྱ་ཡུལ་ཚང་མ་དབུལ་སྒྲོལ་ཐུབ་པའི་འགན་ལེན་བྱེད་རྒྱུ་ཡིན་ཞེས་བཤད་པ་རེད།

རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་བྱེད་རྒྱུ་དེ་འགྲིམ་འགྲུལ་ལས་རིགས་ཀྱིས་གནད་སྨིན་དབུལ་སྦྱོར་དང་གནད་སྨིན་དབུལ་སྒྲོལ་ཐུབ་པ་བྱེད་པའི་འཐབ་ས་གཙོ་བོར་བརྩིས་ཤིང་། རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གྲོང་གསེབ་གཞུང་ལམ་ཁྲུའི་ཁྲུའུ་ཀྲང་ཀྲང་ཁྲེང་པིན་གྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་གིས་འགྲིམ་འགྲུལ་པུའི《གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་གྱི་འགྲིམ་འགྲུལ་དབུལ་སྐྱོར་འཆར་འགོད་ཀྱི་རྩ་གནད(2011ལོ་ནས་2020ལོའི་བར)》དང་རང་སྐྱོང་ལྗོངས་ཀྱི《“ལོ་ལྔ་ཚན་བཅུ་གསུམ་པའི”དབུལ་སྐྱོར་འཆར་འགོད》དང《“ལོ་ལྔ་ཚན་བཅུ་གསུམ་པའི”དབུལ་སྐྱོར་གནས་སྤོའི་འཆར་འགོད》དང་ཟུང་འབྲེལ་གྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་ཀྱི་འཆར་འགོད་ཚན་རིག་དང་མཐུན་པའི་ངང་བཟོས་ནས2020ལོར་སླེབས་སྐབས་རྫོང་ཡོངས་སུ་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་པ་དང་། ཆ་རྐྱེན་འཛོམས་པའི་ཤང་གྲོང་དང་སྒྲིག་གཞི་ཚང་བའི་གྲོང་ཚོར་ཨར་འདམ་གཞུང་ལམ་ཤར་བགྲོད་ཐུབ་པ། ཆ་རྐྱེན་འཛོམས་པའི་རང་བྱུང་གྲོང་ཚོ་དང་དགོན་སྡེར་གཞུང་ལམ་ཤར་གཏོང་ཐུབ་པ་བྱེད་རྒྱུ་ཡིན་པ་དང་། རྒྱལ་ཁབ་ཀྱི་མ་འཇོག་དང་དངུལ་ཁང་གི་དབུལ་བུན་དང་དེ་བཞིན་བོད་སྐྱོར་མ་དངུལ་སོགས་ཐབས་ལམ་མང་པོའི་ཐོག་ནས་སྒོར་དུང་ཕྱུར100གྲབས་གསོག་བྱས་ནས་ལྗོངས་ཡོངས་ཀྱི་རྫོང་དབུལ་པོ་གཙོ་བོའི་མི་འབོར་ཁྲི67.7གྱི“འགྲོ་སྐྱོད་དཀའ་བ་དང་འགྲོ་སྐྱོད་ཉེན་ཁ་ཆེ་བའི”གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱས་ཏེ་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ཐུབ་པའི་འབད་བརྩོན་བྱས་ནས“འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ལམ་བུའི་ཐོག་གྲོང་གསེབ་གཞུང་ལམ་གྱིས་རྐྱེན་པས་ས་ཁུལ་གང་འདྲ་ཞིག་ཀྱང་རྗེས་སུ་གཏན་ནས་མི་ལུས་པ་བྱེད་རྒྱུ་ཡིན”ཞེས་བཤད་པ་རེད།

གནད་སྨིན་དབུལ་སྐྱོར་ལས་དོན་སྤེལ་བའི་བརྒྱུད་རིམ་ནང་ཆུ་ཤུར་རྫོང་གིས་གཏིང་ཤུགས་ཀྱི་ལེགས་ཆ་སྔོག་འདོན་གྱིས་ས་གཙང་བདེ་ཐང་ཐོན་ལས་སོགས་ལེགས་ཆ་མངོན་གསལ་དོད་པ་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དམ་འཛིན་བྱེད་གཞིར་བྱས་ནས་རྫོང་དེ་ཡོངས་ཀྱི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་ལས་དོན་སྤེལ་རྒྱུར་སྣེ་ཁྲིད་བྱས་ཤིང་། ཆུ་ཤུར་རྫོང་གི་རྫོང་དཔོན་གཞོན་པ་སྐལ་བཟང་སྒྲོལ་དཀར་གྱིས“དབུལ་སྐྱོར་གསར་སྤེལ་ནི་ཕྱོགས་བསྡུས་རང་བཞིན་གྱི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་དང་མང་ཚོགས་ཚོས་ཁས་ལེན་བྱེད་པའི་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་དང་གལ་ཆེའི་ཚད་གཞི་ཞིག་རེད། གནད་སྨིན་དབུལ་སྐྱོར་གྱི་ལས་དོན་སྤེལ་བའི་བརྒྱུད་རིམ་ནང་ཆུ་ཤུར་རྫོང་གིས་མུ་མཐུད་སྲིད་གཞུང་གིས་གཙོ་ཁྲིད་དང་། མང་ཚོགས་གཙོ་བོ། སྡེ་ཚན་མཉམ་འགུལ། སྤྱི་ཚོགས་ཞུགས་པ། ཕྱོགས་བསྡུས་དབུལ་སྐྱོར། སྤྱི་ཡོངས་སྐུལ་སྤེལ། ཆེད་དོན་དབུལ་སྐྱོར། ལས་རིགས་ཀྱི་དབུལ་སྐྱོར་དང་སྤྱི་ཚོགས་ཀྱི་དབུལ་སྐྱོར་བཅས་ཟུང་འབྲེལ་གྱི་ལས་ཀའི་བསམ་ཕྱོགས་མཐའ་འཁྱོངས་བྱས་ནས་མང་ཚོགས་ལ་འབབ་འཕར་ཡོང་རྒྱུ་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཞིང་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུ་གཙོ་རྐང་དུ་བྱེད་པ། ཞིང་ལས་འཕེལ་རྒྱས་གཏོང་སྟངས་བསྒྱུར་རྒྱུ་ལྟེ་བར་བྱེད་པ། དེང་རབས་ཞིང་ལས་དཔེ་སྟོན་ཁུལ་འཛུགས་རྒྱུ་གཞི་རྟེན་དུ་བྱེད་པ། གྲོང་གསེབ་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་སྒུལ་ཤུགས་སུ་བྱེད་པ། ནུས་ཤུགས་ཡོད་རྒུས་ལེགས་ཆ་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་བ། ཕྱོགས་མང་པོའི་ཐད་ནས་དབུལ་སྐྱོར་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ། དབུལ་པོའི་མི་འབོར་གྱི་བྱང་ཚད་དང་རྩལ་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། གྲོང་ཚོ་དབུལ་པོའི་རྨང་གཞིའི་སྒྲིག་བཀོད་དང་སྣོད་བཅུད་ཁོར་ཡུག་ལེགས་སུ་ཤུགས་ཆེན་གཏོང་བ། དུད་ཚང་དབུལ་པོའི་ཡོང་འབབ་མང་དུ་ཤུགས་ཆེན་གཏོང་བ་བཅས་བྱས་ནས་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་མངོན་འགྱུར་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།

དཔའ་ཤོད་རྫོང་འཁོར་ཆེན་ཤང་རི་ཁྲོད་གྲོང་ཚོར་བཅའ་སྡོད་དམངས་སྤྱོད་མཁའ་འགྲུལ་ཆབ་མདོ་ས་ཚིགས་ལས་དོན་རུ་ཁག་གི་རུ་དཔོན་ལིའུ་ཅན་ཅུན་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཐོག་དབུལ་སྐྱོར་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པ་བྱས་ནས་དབུལ་པོའི་མི་འབོར་ཁྲི་69ཡོངས་རྫོགས་དབུལ་སྒྲོལ་ཐུབ་པའི་དམིགས་ཚད་འགན་ལེན་བྱེད་དགོས་ཞེས་བཏོན་ཡོད་པ་དེས་ང་ཚོས་དབུལ་སྐྱོར་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་རྒྱུར་ཁ་ཕྱོགས་གསལ་སྟོན་དང་བརྩི་བཀུར་ཞུ་ཡུལ་མཁོ་འདོན་བྱས་ཡོད། ད་ཆ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ལས་ཀའི་ལས་འགན་ཁག་བདུན་ནང་དོན་གཙོ་བོར་བརྩིས་ནས་དམངས་ཕན་སྲིད་ཇུས་དང་བྱ་ཐབས་ཁག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། གྲོང་ཚོའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པ། འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་པོ་བཟོ་བ་བཅས་ཀྱི་ཐོག་ནས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བའི་ཐབས་ལམ་བཟོས་ཡོད། དེ་དང་དུས་མཚུངས་གྲོང་ཚོའི་ནང་གི་ཕྱུག་འགྱུར་འཇོན་ཐང་ཅན་བསྡུ་རུབ་དང་སྐོང་འཐེན་ཧུར་ཐག་བྱས་ནས་གྲོང་མི་དབུལ་པོར་རོགས་སྐྱོར་དང་སྣེ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཁོང་ཚོའི་ཕྱུག་འགྱུར་འཇོན་ཐང་ཆེ་རུ་གཏོང་བ། གྲོང་མིའི་དངུལ་སྨར་ཡོང་འབབ་མང་དུ་གཏོང་བ་བཅས་ཀྱི་ཐོག་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱི་དམིགས་ཚད་མངོན་འགྱུར་ཐུབ་པ་བྱས་ཡོད་ཅེས་བཤད་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།