ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འབྱོར་འབྲིང་ཕྱོགས་སུ་སྐྱོད་ཐུབ་མིན་དེ་གཙོ་བོ་ཡུལ་མི་སྤུན་ཟླ་ཚོར་བལྟ་དགོས། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པ་བྱེད་རྒྱུ་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ་སླེབས་པའི་སྐབས་སུ་ད་ཐེངས་ཀྱི་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་ཐོག“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ནས་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཐད་འཕྲད་པའི་དུས་བབ་གསར་པར་དབྱེ་ཞིབ་གཏིང་ཟབ་བྱས་ཐོག་འཕེལ་རྒྱས་ཀྱི་འདུ་ཤེས་ལ་བརྟེན་ནས་ཞིང་ལས་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཞེས་བཏོན་ཡོད། དེ་བསམ་བློ་གཅིག་གྱུར་དང་ངོས་འཛིན་ཟབ་ཏུ་བཏང་སྟེ་ཕྱི་ལོ་དང་ཐ་ན་སླད་ཕྱིན་ལོ་ལྔའི་རིང་གི“ཞིང་གསུམ”ལས་དོན་ལེགས་པར་བསྒྲུབ་རྒྱུའི་ངོས་ནས་བརྗོད་ཚེ་དོན་སྙིང་གལ་ཆེན་ལྡན་ཡོད།

“ཞིང་ལས་ལ་མཐོང་ཆེན་དང་རྩ་བ་བརྟན་དུ་གཏོང་རྒྱུ”ནི་དམངས་སེམས་བདེ་བར་འཁོད་པའི་རྨང་གཞི་ཞིག་ཡིན། འདས་ཟིན་པའི་ལོ་ལྔ་ནི་ཞིང་ལས་འཕེལ་རྒྱས་ཀྱི་རྫོགས་ལྡན་དུས་སྐབས་གཞན་ཞིག་རེད། འབྲུ་རིགས་ཐོན་ཚད་བསྡོམས་འབོར་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་རྩ་བའི་ཐོག་ནས་ཆེ་རུ་ཕྱིན་ཡོད། དེ་དང་ཆབས་ཅིག་ཞིང་པའི་ཡོང་འབབ་ལ་ཚད་བརྒལ་གསར་པ་བྱུང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་ཧེ་བག་ཆེ་རུ་འགྲོ་ཚུལ་ལ་འགྱུར་ལྡོག་བྱུང་ཡོད། གྲོང་གསེབ་ཀྱི་སྤྱི་ཚོགས་ལ་རྣམ་པ་གསར་པ་ཐོན་ནས་ཞིང་པ་དུང་ཕྱུར་མང་པོར་དངོས་ཕན་ཐོབ་ཡོད། “ཞིང་གསུམ”ལས་དོན་ལ་གྲུབ་འབྲས་བཟང་པོ་ཐོབ་ནས་ཁྱོན་ཡོངས་ནས་རང་འགུལ་བྱུང་ཡོད། གྲོང་གསེབ་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་གསལ་དོད་པོ་མང་དག་ཅིག་གིས་ང་ཚོས་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ལས་རྣམ་པར་རྒྱལ་རྒྱུར་གདེང་ཚོད་བསྣན་ནས“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ཕུན་སུམ་ཚོགས་པོའི་ངང་མཇུག་བསྡུ་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ལ“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་འགོ་ཡག་པོ་འཛུགས་རྒྱུར་རྨང་གཞི་བརྟན་པོའང་བཏིང་ཡོད།

དུས་བབ་བཟང་པོ་ཡོད་རུང་སྔར་བཞིན་གཟབ་ནན་བྱེད་དགོས་ཀྱི་ཡོད། ངེས་པར་དུ་རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་དགོས་པ་ཞིག་ནི་ཞིང་ལས་སྔར་བཞིན“ཅན་བཞི་མཉམ་བགྲོད”ཀྱི་མི་འདང་བའི་ཆ་ཞིག་ཡིན་པ་དང་གྲོང་གསེབ་ནི་ད་དུང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་མི་འདང་བའི་ཆ་ཞིག་ཡིན་པ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པའི་འོག་ཞིང་ལས་དང་གྲོང་གསེབ་ཀྱི་འཕེལ་རྒྱས་ཐད་འགྲན་སློང་གསར་པ་རབ་དང་རིམ་པ་འཕྲད་བཞིན་ཡོད། འབྲུ་རིགས་ལོ་བསྟུད་མར་ཐོན་ལེགས་བྱུང་བའི་རྒྱབ་ཏུ་ནང་འདྲེན་འབོར་ཚད་དང་མཛོད་ཉར་འབོར་ཚད་གཉིས་མཐོ་རུ་ཕྱིན་པ་དང་རིན་གོང་མཐོ་བ་དང་མ་གནས་དམའ་བའི་གནོན་ཤུགས་ཉིས་བརྩེགས་མངོན་གསལ་དོད་དུ་ཕྱིན་པ་དང་། ཞིང་ལས་འཕེལ་རྒྱས་བརྟན་པོ་ཕྱིན་པའི་རྒྱབ་ཏུ་ཐོན་ཁུངས་དང་ཁོར་ཡུག་གི་ཚོད་འཛིན་ཉིས་བརྩེགས་ཆེ་རུ་འགྲོ་བ། ཞིང་པར་རྒྱུན་མཐུད་འབབ་འཕར་བྱུང་བའི་རྒྱབ་ཏུ་ཕྱིར་ལས་ཀ་འཚོལ་བར་སྐྱོད་པའི་གནོན་ཤུགས་ཆེ་རུ་ཕྱིན་པ་དང་ལས་ཀའི་ཡོང་འབབ་འཕར་འགོར་དུ་ཕྱིན་ཡོད། འཕེལ་རྒྱས་ཁྲོད་ཀྱི་དཀའ་གནད་སེལ་བར་ངེས་པར་དུ་མི་འདང་སའི་འདུ་ཤེས་བརྟན་པོ་འཛུགས་པ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གཞིར་བཟུང་ཞིང་ལས་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས།

འཕེལ་རྒྱས་ཀྱི་འདུ་ཤེས་ལ་བརྟེན་ནས་ཞིང་ལས་དེང་རབས་ཅན་དུ་འགྱུར་རྒྱུར་སྣེ་ཁྲིད་བྱེད་རྒྱུ་དེ་ནི་འཕོ་འགྱུར་གཏིང་ཟབ་ཅིག་རེད། གསར་གཏོད་འཕེལ་རྒྱས་ནི་སྒུལ་ཤུགས་ཨང་དང་པོ་ཡིན་པས་སྒྲིག་གཞི་སྒྱུར་བཅོས་ལ་བརྟེན་ཚེ་གཞི་ནས་སུ་ཡིས་ས་ཞིང་འདེབས་པ་དང་། ས་ཞིང་གང་འདྲ་འདེབས་པ། གྲོང་གསེབ་གསར་པ་སུ་ཞིག་གིས་སྐྲུན་པ་བཅས་ཀྱི་དངོས་ཡོད་དཀའ་གནད་བསལ་ནས་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་གསོན་ཤུགས་སྤེལ་ཐུབ། མཐུན་སྦྱོར་འཕེལ་རྒྱས་ནི་ལྡོག་མེད་ལམ་བུ་ཞིག་ཡིན་པས་གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བ་བྱས་ཚེ་གཞི་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲུབ་ཆ་མི་འདྲ་བ་གཉིས་ཀྱི་གནད་དོན་ཐག་གཅོད་ཐུབ་ངེས་ཡིན་ལ“ཞིང་གསུམ”འཕེལ་རྒྱས་ཀྱི་མི་འདང་ས་གསབ་ཐུབ་ངེས་ཡིན། ལྗང་མདོག་འཕེལ་རྒྱས་ནི་ལྡོག་མེད་བླང་བྱ་ཞིག་ཡིན་པས་རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་དང་བསྟུན་པ། རང་བྱུང་སྲུང་སྐྱོང་བཅས་བྱས་ཚེ་གཞི་ནས་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་འགྲོ་ཐུབ། སྒོ་དབྱེ་འཕེལ་རྒྱས་ནི་དུས་ཀྱི་འཕེལ་ཕྱོགས་ཡིན་པས་རྒྱལ་སྤྱི་རྒྱལ་ནང་གི་ཁྲོམ་ར་གཉིས་དང་ཐོན་ཁུངས་གཉིས་གང་ལེགས་སྤྱད་ཚེ་གཞི་ནས་རྒྱུན་ཆད་མེད་པར་ཞིང་ལས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་འགྲོ་བ་དང་། རྒྱལ་སྤྱིའི་འགྲན་རྩོད་ཀྱི་རང་འགུལ་དབང་ཆ་ཐོབ་ཐུབ། མཉམ་སྤྱོད་འཕེལ་རྒྱས་ནི་ངོ་བོའི་བླང་བྱ་ཞིག་ཡིན་པས་དེང་རབས་ཅན་གྱི་ཞིང་ལས་འཛུགས་སྐྲུན་ནང་ཞིང་པ་ཧུར་ཐག་ཞུགས་རྒྱུར་སྣེ་ཁྲིད་བྱས་ཚེ་གཞི་ནས་ཞིང་པ་དང་ལྷག་དོན་དུ་ཞིང་པ་དབུལ་པོ་ཚོས་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་དེ་བས་མང་པ་མཉམ་སྤྱོད་ཐུབ་སྟེ་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་ཕྱོགས་སུ་སྐྱོད་ཐུབ།

ཞིང་ལས་དེང་རབས་ཅན་དུ་འགྱུར་བ་བྱེད་པར་མདུན་ལམ་ནི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་ཐུག་ཡོད། དེང་སྐབས་ཞིང་ལས་འཕེལ་རྒྱས་ཐད་འགལ་ཟླ་དང་དཀའ་གནད་མང་དག་འཕྲད་ཡོད། དེ་དག་གྲུབ་ཆའི་ཐད་མངོན་གསལ་དོད་པ་སྟེ་གཙོ་བོ་མཁོ་སྤྲོད་ཐད་གནས་ཡོད། ཞིང་ལས་ཀྱི་མཁོ་སྤྲོད་ཐད་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ནི་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་འགན་གལ་ཆེན་ཞིག་རེད། ཞིང་ལས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་བྱེད་པར་ངེས་པར་དུ་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་བསྲུངས་ནས་ཞིང་ལས་ཆེ་མོ་དང་ཟས་རིགས་ཆེ་མོའི་འདུ་ཤེས་བརྟན་པོ་བཙུགས་ཏེ་མཛོད་ཉར་འཕྲི་བ་དང་། མ་གནས་དམའ་རུ་གཏོང་བ། ཞན་ཆ་གསབ་པ། ཞིང་ལས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ། གྲུབ་ཆ་དེ་བས་ལུགས་མཐུན་དང་འགན་ལེན་དེ་བས་ནུས་ལྡན་གྱི་ཞིང་ལས་ཐོན་རྫས་ཀྱི་ནུས་ལྡན་མཁོ་སྤྲོད་ཀྱི་རྣམ་པ་ཞིག་ཆགས་པ་བྱས་ཐོག་ཞིང་ལས་ཐོན་རྫས་མཁོ་སྤྲོད་དོ་སྙོམས་ཡོང་རྒྱུ་དེ་ཆུ་ཚད་དམའ་པོ་ནས་མཐོ་པོའི་བར་མཆོང་སྐྱོད་ཡོང་བ་བྱེད་དགོས།

ཞིང་ལས་དེང་རབས་ཅན་དུ་འགྱུར་རྒྱུ་དེ་རྒྱུན་སྲིང་འབད་བརྩོན་བྱེད་དགོས་ཀྱི་ཡོད། ལག་ལེན་ཐོག་ནས་ར་འཕྲོད་བྱུང་གསལ། སྤྱི་ཁོག་ཁོར་ཡུག་རྙོག་འཛིང་ཇི་ཙམ་ཆེ་བ“ཞིང་གསུམ”ལས་དོན་ལ་དེ་བས་མཐོང་ཆེན་བྱེད་དགོས་ཀྱི་ཡོད། ང་ཚོ་ལྟ་བུའི་མི་གྲངས་དུང་ཕྱུར་13ལྷག་ཙམ་ཡོད་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་མོ་ལ་ཆ་མཚོན་ན་འཕར་ཚད་བརྟན་པོ་ཡོང་བ་དང་། མཁོ་སྤྲོད་འགན་ལེན། གྲུབ་ཆ་ལེགས་སྒྲིག་བཅས་བྱེད་རྒྱུ་ཚང་མ་ཞིང་ལས་དང་། གྲོང་གསེབ། ཞིང་པ་བཅས་དང་ཁ་འབྲལ་ཐབས་མེད། དུས་གང་ཞིག་ཏུའང་ཞིང་ལས་ལ་སྣང་ཆུང་དང་། ཞིང་པ་བརྗེད་པ། གྲོང་གསེབ་ལ་ཁ་ཡ་མི་བྱེད་པ་བཅས་བྱེད་མི་རུང་། “ཞིང་གསུམ”ལས་དོན་ནི“གལ་ཆེའི་ནང་གི་འགངས་ཆེ་ཡིན་པའི”འགན་འཁྲིའི་འདུ་ཤེས་དོན་འཁྱོལ་ཏན་ཏིག་བྱས་ནས་ཐོག་མཐའ་བར་གསུམ་དུ་བསམ་བློར་ལྷོད་གཡེང་མི་ཤོར་བ་དང་། སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆུང་དུ་མི་འགྲོ་བ། སྒྱུར་བཅོས་མཚམས་འཇོག་མི་བྱེད་པ་བཅས་མཐའ་འཁྱོངས་ཀྱིས་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་འགྲོ་ཚུལ་བཟང་པོར་ཤུགས་རྐྱེན་མི་ཐེབས་པ་བྱེད་དགོས།

ཕྱི་ལོ་ནི“ལོ་ལྔ་བཅུ་གསུམ་པའི”འཆར་འགོད་ལག་ལེན་བསྟར་འགོ་ཚུགས་པའི་ལོ་ཞིག་ཡིན་པས་ང་ཚོས་བསམ་བློ་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས་དཀའ་སྤྱད་འབད་བརྩོན་དང་འབད་འབུངས་ཧུར་ལེན་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བརྟེན་ནས་ཞིང་ལས་དེང་རབས་ཅན་དུ་འགྱུར་རྒྱུར་སྣེ་ཁྲིད་བྱེད་པ་དང་ཞིང་ལས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཐད་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཡོང་ཐབས་བྱས་ནས“ཞིང་གསུམ”འཕེལ་རྒྱས་ཀྱི་འོད་སྟོང་གསར་པ་བཏོད་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་ཕྱིར་ལེགས་སྐྱེས་གསར་པ་འབུལ་དགོས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།