འདི་ནི་པ་སངས་ཀྱིས་གྲོང་མི་དང་མཉམ་དུ་གྲོང་ཚོར་བརྒྱབ་པའི་པར་ཡིན་པ་།

རྟ་དམག་གྲོང་ཚོར་ཤོད་རྒྱུན་མང་པོ་ཡོད་ཅིང་། 1791ལོར་ཆིང་སྲིད་གཞུང་གིས་གོར་ཥའི་དམག་མིའི་བཙན་འཛུལ་ལ་འགོག་རྒོལ་མཐར་ཕྱིན་བྱས་པ་དང་། དམག་འཁྲུག་མཇུག་འགྲིལ་རྗེས་གོར་ཥའི་རྟ་དམག་བརྒྱ་ཕྲག་ཁ་ཤས་ཀྲུང་ནེའི་མཐའ་མཚམས་ཁུལ་དུ་བསྡད་ནས་རང་གི་ཕ་ཡུལ་དུ་ལོག་མེད་པར། དུས་ཡུན་རིང་པོའི་ལོ་ཟླའི་ནང་ཀྲུང་ནེའི་མཐའ་མཚམས་ཡུལ་མི་དང་མཉམ་དུ་འཚོ་གནས་བྱས་ཡོད་པ་རེད། ད་ཆའི་རྟ་དམག་གྲོང་ཚོའི་ཡུལ་མི་རྣམས་ནི་རྗེས་རབས་པ་ཡིན་པར་གྲགས་པ་དང་དུས་ད་ཆའི་བར་ལོ་100ལྷག་ཙམ་གྱི་ལོ་རྒྱུས་ཡོད་པ་རེད། ཁོང་ཚོར་རྒྱལ་ཁོངས་མེད་པས་རྟ་དམག་གྲོང་ཚོའི་ཡུལ་མི་རྣམས་ལ་ས་ཞིང་དང་སྡོད་ཁང་མེད་པ་དང་སྔ་བར་ཕྱི་གསུམ་དུ་གནས་ངེས་མེད་དུ་འགྲིམས་ནས་འཚོ་བ་སྐྱེལ་བཞིན་ཡོད་པས“ཤར་ཕྱོགས་ཀྱི་ཅི་ཕུའུ་སེར”ཞེས་བརྗོད་ཀྱི་ཡོད།

“བོད་རིགས་ཀྱི་གོམས་སྲོལ་མང་པོ་ལྡན་མོད། འོན་ཀྱང་དེ་ཁུལ་གྱི་བོད་རིགས་ཡུལ་མི་ཚོས་ཁོ་ཚོ་དང་ལེན་དེ་ཙམ་བྱེད་ཀྱི་མེད”ཅེས་སྐྱིད་གྲོང་རྫོང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལྷག་མཆོག་གིས་བརྗོད་ཅིང་། ཁོང་གིས་རྟ་དམག་བས་ནང་བསྟན་ཆོས་ལུགས་ལ་དད་པ་བྱེད་པ་དང་སྐད་ཡིག་དང་གྱོན་གོས་ཐད་སྤྱིར་ན་བོད་རིགས་དང་ཧེ་བག་དེ་ཙམ་ཆེན་པོ་མེད་པ་དང་། ཁོ་ཚོའི་ངོ་རིས་བལ་པོ་དང་འདྲ་ཙམ་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།

2003ལོར་རྒྱལ་ཁོངས་མེད་པའི་རྟ་དམག་བ་རྣམས་དངོས་སུ་ཀྲུང་གོའི་རྒྱལ་ཁོངས་སུ་ཞུགས་པས་དུས་ཡུན་རིང་པོར་གནས་ངེས་མེད་དུ་འགྲིམས་པ་དང་མི་རྣམས་ཀྱིས་མཐོང་ཆུང་བྱེད་པའི་དཀའ་ཚེགས་ཆེ་བའི་འཚོ་བ་སྐྱེལ་མཇུག་འགྲིལ་བ་དང་། ད་ཆ་རྟ་དམག་བ་རྣམས་ལ་དེ་ཁུལ་གྱི་ཡུལ་མི་དང་གཅིག་མཚུངས་ཀྱི་སྤྱི་དམངས་ཀྱི་ཐོབ་ཐང་ལྡན་ནས་བདེ་སྐྱིད་ཀྱི་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་ཡོད། སྐྱིད་གྲོང་རྫོང་གིས“མཐའ་དར་དམངས་ཕྱུག”གི་འདུ་འགོད་ལག་ལེན་བསྟར་བའི་བརྒྱུད་རིམ་ནང་རྟ་དམག་བའི་སྡོད་གནས་གནད་དོན་ཐག་གཅོད་ཐུབ་ནས། ད་ཆ་གང་སར་ཀྲུང་གོའི་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་བའི་རྟ་དམག་གྲོང་ཚོ་དེ་ཉིད་སྐྱིད་གྲོང་རྫོང་གི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད།

ལྕགས་བཟོའི་ལས་ནི་ཁོ་ཚོའི་བྱང་ཆུབ་པའི་ལས་ཀ་ཞིག་ཡིན་པ་དང་། རྟ་དམག་བའི་ལྕགས་བཟོའི་ལག་ཤེས་ས་ཕྱོགས་གང་སར་སྐད་གྲགས་ཆེན་པོ་ཡོད་པས། སྤྱིར་ན་སྐྱིད་གྲོང་གྲོང་རྡལ་གྱི་ཡུལ་མི་མང་ཆེ་བའི་ཁྱིམ་དུ་རྟ་དམག་བས་བཟོས་པའི་ཧ་ཡང་དང་། ཟངས་ཀྱོག སྟ་རེ། ཟོར་བ་སོགས་དང་དེ་བཞིན་དེ་ཁུལ་གྱི་བུད་མེད་ཚོའི་རྒྱན་ཆ་སོགས་མང་དུ་མཐོང་རྒྱུ་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ཕ་མེས་ནས་རྒྱུན་འཛིན་ཐུབ་པའི་རྟ་དམག་བའི་ལག་ཤེས་བཟོ་རྩལ་དེ་ཁོ་ཚོའི་འཚོ་ཐབས་ཤིག་ཡིན་པ་མ་ཟད། ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་ཉེ་ཁུལ་གྲོང་ཚོའི་ཡུལ་མི་ཚོའི་བརྩི་འཇོག་ཐོབ་ཡོད། ལྕགས་བཟོ་ཁང་དེ་རྟ་དམག་གྲོང་ཚོ་རྒྱབ་ངོས་ཀྱི་རི་འདབས་སུ་གནས་པ་དང་དོན་དམ་དུ་དེ་ནི་རྒྱ་ཁྱོན་སྨི་ངོས་གྲུ་10ལྷག་ཙམ་ལས་མེད་པའི་སྤྱིལ་ཁང་ཞིག་རེད་འདུག ཆ་རྐྱེན་ཤིན་ཏུ་ཐབས་ཆག་ཡིན་མོད། འོན་ཀྱང་དེ་ནི་རྟ་དམག་བ་རྣམས་འདུ་འཛོམས་བྱ་ཡུལ་གལ་ཆེན་ཞིག་རེད་ལ་རྟ་དམག་གྲོང་ཚོའི་ལྕགས་བཟོ་བ་ཚོས་རང་གི་བཟོ་རྩལ་ངོམས་ས་དང་ཡོང་འབབ་འཕར་སྣོན་བྱ་ཡུལ་ཞིག་ཀྱང་ཡིན་པ་རེད། དེ་གར་ཞོགས་སྔ་པོ་ནས་དགོང་མོ་ཕྱི་པོའི་བར་ཕར་འགྲོ་ཚུར་འོང་བྱེད་མཁན་མང་པོ་ཡོད་པ་དང་དུས་ནམ་ཡིན་རུང་ཡུལ་མི་ཚོས་བེད་མེད་ཟངས་ལྕགས་ཁྱེར་ནས་འཚོ་བའི་མཁོ་ཆས་སྣ་ཚོགས་བཟོ་བར་ཡོང་གི་ཡོད་པ་རེད།

ཟླ་བ་ནི་རྟ་དམག་གྲོང་ཚོའི་བུད་མེད་ཀྲུའུ་རེན་ཡིན་ལ་སྐྱིད་གྲོང་རྫོང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའང་ཡིན་ཞིང་། ཁོང་གི་ཁྱིམ་དུ་སྐྱོད་སྐབས་རྒྱ་ཆེ་བའི་ཚོམས་ཆེན་ནང་བརྙན་འཕྲིན་དང་། གློག་ཐབ། སྒྲ་སྐྱེད་སོགས་འཕྲུལ་ཆས་མང་པོ་བསྒྲིགས་པ་མཐོང་རྒྱུ་འདུག་ལ་བོད་ལུགས་ཀྱི་འཛིན་ཆས་དེ་དག་གིས་ཁྱིམ་ཚང་དྲོ་སྐྱིད་ལྡན་པའི་སྣང་བ་ཞིག་ངང་གིས་འཆར་གྱི་འདུག

“ད་ཆ་ངའི་ཕྲུ་གུ་ཚང་མ་སློབ་གྲྭར་སྐྱོད་བཞིན་ཡོད། ཁོ་ཚོའི་སློབ་ཡོན་སྒོར་ཟུར་གཅིག་ཀྱང་སྤྲོད་མི་དགོས་པའི་ཁར་འགན་ལེན་གསུམ་གྱི་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་འདུག ངའི་ཆུང་དུས་འཚོ་བ་དང་བསྡུར་ཚེ་ཁོ་ཚོ་དངོས་གནས་བདེ་སྐྱིད་ལྡན་པ་ཞིག་རེད”ཅེས་ཟླ་བས་བརྗོད་པ་དང་། ཁོང་གིས་དེ་སྔོན་རྟ་དམག་གྲོང་ཚོའི་ན་གཞོན་རྣམས་སློབ་གྲྭར་སྐྱོད་པའི་གོ་སྐབས་མེད་པ་མ་ཟད། ཐ་ན་ཚུན་ཀྲང་ཚུད་པའི་དར་མ་མང་པོ་ཞིག་གིས་རང་གི་མིང་ཡང་འབྲི་ཤེས་ཀྱི་མེད། ཡིན་ནའང་ད་ཆ་རྟ་དམག་གྲོང་ཚོའི་སློབ་ལོ་ལོན་པའི་བྱིས་པ་རྣམས་ཀྱིས་སློབ་གསོ་དང་ལེན་ཐུབ་ནས་བོད་རིགས་སློབ་ཕྲུག་དང་གཅིག་མཚུངས་ཀྱི“སློབ་གསོའི་འགན་ལེན་གསུམ”གྱི་སྲིད་ཇུས་ལོངས་སྤྱོད་བྱེད་ཀྱི་ཡོད་པ་དང་། མིག་སྔར་རྟ་དམག་གྲོང་ཚོའི་སློབ་མ་40ལྷག་ཙམ་སློབ་ཆུང་དང་སློབ་འབྲིང་འགྲིམ་བཞིན་ཡོད་ཅེས་བཤད་བྱུང་།

རྟ་དམག་གྲོང་ཚོ་ནས་ཁ་གྱེས་སྐབས་གྲོང་ཚོའི་ཐང་ཆེན་ནས་དགོད་སྒྲ་ལྷང་ལྷང་དུ་གྲགས་འོང་བ་དང་། ཡུལ་མི་ཚོས་བསམ་པ་རྣམ་དག་ངང“ང་ཚོ་ཀྲུང་གོ་བ་ཡིན་པར་སྤོབས་སེམས་ཆེན་པོ་སྐྱེ་གི་འདུག་ལ་སྲིད་གཞུང་གིས་ང་ཚོར་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བའི་གོ་སྐབས་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་གསར་འགོད་པར་བཤད་བྱུང་།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།