ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀུའུ་གའོ་ཡིག་ཆ་བཟོ་ས Google Document ནང་བོད་ཡིག་ཡིག་གཟུགས་ངོས་འཛིན་བྱེད་ཐུབ་ཀྱི་ཡོད་པ་དང་། ཡིག་གཟུགས་ངོས་འཛིན་ཐུབ་ཐབས་ཀྱི་ལག་རྩལ་དེ་ལ་དབྱིན་ཡིག་ཐོག OCR ༼ Optical Character Reader ༽ ཟེར་གྱི་ཡོད། དེ་ནི་ཤོག་ངོས་དང་པར་དུ་བཏབས་པའི་ཡིག་རིགས་རྣམས་གློག་ཀླད་ཀྱིས་ངོས་འཛིན་ཐུབ་པ་དང་། ངོས་འཛིན་ཐུབ་རྗེས་ཡིག་འབྲུ་དེ་དག་གློག་ཀླད་ཀྱིས་བསྐྱར་ཏུ་ཡིག་བཏགས་བྱེད་རོགས་བྱེད་པའམ། ཡིག་བསྒྱུར་ཐད་ཀར་བྱེད་རོགས་བྱེད་པ། ཡང་ན་ངོས་འཛིན་བྱས་རྗེས་ཡིག་འབྲུ་རྣམས་སྒྲ་ལྡན་དུ་བསྒྱུར་བ་སོགས་བཀོལ་སྤྱོད་སྣ་ཚོགས་བྱེད་རྒྱུ་ཡོད། དེ་སྔ་བོད་ཡིག་ཅན་གྱི་མཉེན་ཆས་འགའ་ཤས་མཐོང་ཡང་དེ་དག་བེད་སྤྱོད་བྱེད་སྟངས་ཀྱི་ལམ་སྟོན་གསལ་པོ་མེད་པ་དང་། མཉེན་ཆས་སྒྲིག་འཇུག་ལེགས་པོ་མི་འགྲོ་བའི་གནས་སྟངས་མང་པོ་ཆགས་ཡོད། བོད་ཡིག་ཡིག་གཟུགས་ངོས་འཛིན་མཉེན་ཆས་ལེགས་གྲས་གཅིག་གཉིས་ཤིག་བཟོས་ཡོད་བཟོ་འདུག་ཀྱང་དེ་དག་རག་དཀའ་བ་དང་། རིན་གོང་ཆེ་བ། བེད་སྤྱོད་བྱེད་སྐབས་སྔོན་འགྲོའི་ཆ་རྐྱེན་དང་གྲ་སྒྲིག་མི་ཉུང་བ་ཞིག་བྱེད་དགོས་པ་སོགས་བེད་སྤྱོད་གཏོང་བདེ་པོ་ཞིག་མེད་པ་རེད། Tibetan OCR ཡང་ན་བོད་ཡིག་ཡིག་གཟུགས་ངོས་འཛིན་མ་ལག་དེའི་ཁེ་ཕན་ཆེ་ཤོས་ནི་སྔ་མ་གློག་རྡུལ་འདྲ་བཤུས Scan བྱས་པ་དང་པར་དུ་བཏབས་པའི་ཡིག་ཆ་དང་དཔེ་ཆ་དེ་དག་གི་ཡིག་འབྲུ་རེ་རེ་བཞིན་གློག་ཀླད་ཀྱིས་ངོས་འཛིན་བྱེད་ཐུབ་པ། ཕྱི་ནང་གི་ཉམས་ཞིབ་བྱེད་མཁན་སུ་འདྲ་ཞིག་ལ་ཡང་ཡིག་བཏགས་བྱས་མེད་པའི་དཔེ་ཆའི་ནང་འཚོལ་བཤེར་བྱེད་ཐུབ་པ་ཆགས་ཀྱི་ཡོད། དགོས་གལ་བྱུང་ན་པར་བཏབས་བཞག་པའི་ཡིག་ཆ་རྣམས unicode ཐོག་གཏག་རོགས་བྱེད་ཐུབ་པས་དེ་ནི་མི་ཞིག་གིས་ཟླ་བ་གཅིག་ལ་ཡིག་བཏགས་བྱེད་དགོས་པའི་དཔེ་ཆ་ཞིག་ཉི་མ་ཁ་ཤས་ནང་ཚར་ཐུབ་པ་ཞིག་ཡོང་ཐུབ། དབྱིན་ཡིག་དང་རྒྱ་ཡིག་སོགས OCR བྱེད་ཐུབ་པ་ནི་ལོ་བཅུ་ཕྲག་མང་པོའི་སྔོན་ནས་ཡོད་པ་དང་། དེ་དག་གི་ཡིག་གཟུགས་ངོས་འཛིན་ཐུབ་པའི་སྤུས་ཚད་ནི་ཧ་ཅང་མཐོ་བ་མ་ཟད། བཀོལ་སྤྱོད་བྱེད་སྟངས་རྣམ་པ་སྣ་ཚོགས་ཡོད་པ་སོགས་ཡར་རྒྱས་ཞེ་དྲག་ཕྱིན་ཡོད། འོན་ཀྱང་བོད་ཡིག OCR ནི་ད་དུང་ཡང་ལེགས་པོ་ཞིག་བཟོ་ཐུབ་མེད། གང་ལྟར་བོད་ཡིག་ངོས་འཛིན་མ་ལག་དེ་གལ་འགང་ཤེས་མཁན་དང་ལག་རྩལ་དེ་བེད་སྤྱོད་བྱེད་འདོད་ཡོད་མཁན་ཚོར་ཐབས་ཤེས་གཞན་ཞིག་ཡོད་པ་ནི། ཀུའུ་གའོ་ཡིག་ཆ google document ཐོག་ཚོད་ལྟ་བྱེད་རྒྱུ་དེ་ཡིན། ཀུའུ་གའོ་ཡིག་ཆའི་ཐོག་སྐད་རིགས་སྣ་ཚོགས་ཐད་ཀར OCR བྱེད་རྒྱུ་ཡོད། དེའི་ནང་བོད་ཡིག་ལྟ་ཚོད་ཞིག་བྱེད་དུས་གང་ལ་གང་འཚམས་ཡག་པོ་ཡོང་གི་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།