ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།གསར་འགོད་པས་རང་སྐྱོང་ལྗོངས་སྒྲིག་ཨུད་ནས་ཤེས་རྟོགས་བྱས་པར། 2016ལོའི་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་ཀྱི་སྔ་ནུབ་ཏུ་ལྗོངས་སྒྲིག་ཨུད་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་ཐད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་བསྟུད་མར་བརྡ་ཐོ་བཏང་ནས་ལྟ་སྐུལ་ཞིབ་བཤེར་ཇུས་གཞི་བཟོས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་ཀྱིས“དུས་ཆེན་གསུམ”རིང“སྤྱོད་ཚུལ་བཞིའི”གནད་དོན་བསྐྱར་དུ་ཐོན་རྒྱུ་སྔོན་འགོག་ནན་པོ་བྱས་པ་རེད།

སྒྲིག་ཁྲིམས་དང་སྒྲིག་ལམ་གཉིས་ལག་བསྟར་ནན་པོ་བྱེད་རྒྱུ་མཐའ་འཁྱོངས་བྱས་པ། 2015ལོའི་ཟླ་12ཚེས་15ཉིན་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས《2016ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་རིང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས“སྤྱོད་ཚུལ་བཞིའི”གནད་དོན་མུ་མཐུད་ཡོ་བསྲང་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་བའི་ནང་ས་གནས་ཁག་དང་སྡེ་ཚན་ཁག་ལ“དུས་ཆེན་གསུམ”གྱི་གོང་ཏུ་བརྡ་ཐོ་པར་འགྲེམས་དང་སྲིད་གཙང་སློབ་གསོ་སོགས་ཀྱི་བྱེད་ཐབས་བརྒྱུད་ཏང་ཡོན་ལས་བྱེད་པ་ཚང་མ་སྒྲིག་འཛུགས་བྱས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི“སྲུང་བྱ་རྣམ་བཅུ”དང“བླང་བྱ་ཁག་དགུ”དང་དེ་བཞིན་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི“གཏན་འགོག་བཅུ”སོགས་ཀྱི་སྒྲིག་ཁྲིམས་བླང་བྱ་ཁག་བསྐྱར་དྲན་བྱས་ནས། སྒྲིག་ཁྲིམས་ནན་སྲུང་བྱེད་རྒྱུ་དེ་ཏང་ཡོན་ལས་བྱེད་པའི་བསྲུང་བྱའི་གདམས་ངག་ལྟ་བུར་བརྩིས་ཐོག་ཀུན་གྱི་ཡིད་ལ་བཟུང་སྟེ་བྱ་སྤྱོད་ཐོག་དོན་འཁྱོལ་བྱེད་དུ་འཇུག་དགོས་པ་དང་། རིམ་ཁག་ཏང་ཡོན་ལས་བྱེད་པ་དང་ལྷག་པར་ཏུ་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་ཚོར“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་གོ་སྐབས་སུ་བཟུང་ནས་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་གཙང་རང་གཅུན་ཚད་གཞི》དང《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སློབ་སྦྱོང་གཏིང་ཟབ་བྱས་ནས་སྤྱོད་གཙང་རང་གཅུན་ཐད་ཀྱི་གཏན་འབེབས་ཁག་སྣེ་ཁྲིད་དེ་ནན་སྲུང་བྱེད་དགོས་པ། དཔེ་མཚོན་གྱོད་གཞིའི་ཉེན་ཟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག་དུས་ཆེན་གྱི་སྔ་ཕྱི་བར་གསུམ་དུ་རྩད་ཆོད་ཐུབ་པའི་དཔེ་མཚོན་སྒྲིག་འགལ་གནད་དོན་དང་དཔེ་མཚོན་འགན་འདྲིའི་གྱོད་གཞི་ཁག་མིང་འདོན་བརྡ་ཁྱབ་བཏང་སྟེ་ཟིལ་ཤུགས་ཆེན་པོ་ཆགས་པར་བྱས་ཐོག་སྟེས་དབང་གི་བསམ་བློ་འཆང་མཁན་ཚོར་སྡུག་ལག་སྐུམ་པ་དང་། ཁྲིམས་འགལ་སྒྲིག་འགལ་བྱེད་མཁན་ཚོ་སྡུག་ཚོད་ཟིན་པ། འགན་འཁྲི་ལག་བསྟར་ཡག་པོ་མི་བྱེད་མཁན་ཚོ་རྨོངས་གཉིད་ལས་སད་པ་བཅས་བྱས་ཏེ་སྒྲིག་ཁྲིམས་དང་སྒྲིག་ལམ་གྱི་དབང་གྲགས་སྲུང་སྐྱོབ་ཧུར་ཐག་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད་པ་རེད།

སྤྱོད་གཙང་གཞུང་དྲང་གི་དུས་ཆེན་གྱི་རྣམ་པ་བཏོད་པ། ཟླ་12ཚེས་25ཉིན་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས《ཀྲུང་དབྱང་སྒྲིག་ཨུད་ཀྱི་བརྡ་ཐོའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ནས་ལྟ་སྐུལ་དང་། སྒྲིག་ཁྲིམས་ལག་བསྟར། འགན་འཁྲི་བདའ་འདེད་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་2016ལོའི་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་གྱི་སྤྱོད་གཙང་གཞུང་དྲང་གི་རྣམ་པ་ཆགས་རྒྱུ་འགན་ལེན་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་བའི་ནང་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཁག་ལ་ཀྲུང་དབྱང་སྒྲིག་ཨུད་ཀྱིས་ཡོངས་བསྒྲགས་བྱས་པའི་བརྡ་ཐོའི་བླང་བྱ་དང་ཉེ་ཆར་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་བཏང་བའི་བརྡ་ཐོའི་བླང་བྱ་ལྟར་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་རིང་གི“སྤྱོད་ཚུལ་བཞིའི”གནད་དོན་ཡོ་བསྲང་བྱེད་རྒྱུ་དེ་ལས་འགན་གལ་ཆེན་དུ་བརྩིས་ནས་ཞིབ་འཇུག་བཀོད་སྒྲིག་ནན་ཏན་དང་། བྱེད་ཐབས་ནུས་ལྡན་སྤྱོད་པ། ལས་དོན་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་བཅས་བྱས་ཏེ“དུས་ཆེན་གསུམ”རིང་སྤྱོད་གཙང་གཞུང་དྲང་ཡོང་རྒྱུ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་བ། 《2016ལོའི་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་རིང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་ཚུལ་གྱི་ལྟ་སྐུལ་ཞིབ་བཤེར་ཇུས་གཞི》དུས་ཐོག་ཏུ་བཟོས་ནས་པར་འགྲེམས་བྱས་ཏེ། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་མཉམ་འབྲེལ་ཞིབ་བཤེར་ཚོགས་ཆུང་བཙུགས་ནས་2015ལོའི་ཟླ་12ཚེས་25ཉིན་ནས་བཟུང་ཏང་སྲིད་ལས་ཁུངས་དང་། གཞུང་ཁོངས་ཁེ་ལས་དང་བྱ་གཞག་ཚན་པ། རིམ་པ་མཐོ་བའི་རོལ་རྩེད་བྱ་ཡུལ། ཟ་ཁང་། ཚོང་ཁང་། ཇ་ཁང་། གླིང་ག ཁོ་ཧྥེ་ཁང་སོགས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་རྒྱུ་དང་ཆབས་ཅིག་ས་ཁུལ(གྲོང་ཁྱེར)ཁག་དང་རྫོང(ཆུས)ཁག་ལ་འཐེན་བཤེར་བྱེད་རྒྱུའི་ཐག་བཅད་པ་རེད། ཞིབ་བཤེར་ཚོགས་ཆུང་གིས་གཙོ་བོ“དུས་ཆེན་གསུམ”རིང་གཞུང་འཁོར་སྒེར་སྤྱོད་དང་། གཞུང་དངུལ་བཏང་ནས་ཡུལ་སྐོར་བྱེད་པ། སྒྲིག་འགལ་ངང་གཞུང་དངུལ་བཏང་ནས་བཟའ་བཏུང་བྱེད་པ། གཞུང་དངུལ་བཏང་ནས་ལོ་གསར་གྱི་མཁོ་ཆསཉོ་བ། དུས་ཆེན་གྱི་ལག་རྟགས་སྤྲོད་པ། གཞུང་དངུལ་བཏང་ནས་འཛད་སྤྱོད་མཐོ་བའི་རོལ་རྩེད་བྱེད་སྒོར་རོལ་བ། གཞུང་དངུལ་བཏང་ནས་ཕན་ཚུན་འཚམས་འདྲི་ཞུ་བ། སྒྲིག་འགལ་ངང་ཕོགས་སྣོན་སྤྲོད་པ་སོགས་ཀྱི་སྒྲིག་འགལ་ཁྲིམས་འགལ་གནད་དོན་ལ་ཞིབ་བཤེར་བྱས་ནས། གནད་དོན་གཅིག་ཐོན་ཚེ་གཅིག་ཞིབ་གཅོད་བྱས་ཏེ་གཅིག་ཀྱང་རྒྱ་ཡན་དུ་མི་གཏོང་བ་དང་། དེ་དང་ཆབས་ཅིག་ཞིབ་བཤེར་ཚོགས་ཆུང་གིས་རིམ་ཁག་ཏང་ཨུད(ཏང་ཙུའུ)དང་སྒྲིག་ཨུད(སྒྲིག་བཤེར་ཚོགས་ཆུང)ཀྱིས“སྤྱོད་ཚུལ་བཞིའི”གནད་དོན་ཡོ་བསྲང་བྱེད་ཚུལ་ལ་མུ་མཐུད་འཐེན་བཤེར་བྱས་ནས། བྱེད་པོའི་འགན་འཁྲིའམ་ཡང་ན་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་ཡག་པོ་མ་བྱས་པའི་རིགས་ལ་འགན་འདྲི་རྩད་གཅོད་ནན་པོ་བྱེད་རྒྱུ་ཡིན་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།