ལོ་གསུམ་གོང་གསར་འགོད་པ་ཆབ་མདོ་གྲོང་ཁུལ་ལ་ཡོང་དུས། ཁང་པ་གོག་ཧྲུལ་དང་། ལོག་ལ་ཉེ་བའི་ཟམ་པ། ཁྲོམ་གཞུང་དུ་བཙོག་ཆུ་དང་གད་སྙིགས་ཀྱིས་ཁེངས་པ་མཐོང་རྒྱུ་ཡོད་ལ་བྱམས་པ་གླིང་དུ་སྐྱོད་པའི་ལམ་བུ་དེ་ནི་ས་རྡོའི་ལམ་ཡིན་ཞིང་། རླངས་འཁོར་སྐྱོད་ཐེངས་རེར་ཐལ་རྡུལ་བསླངས་པ་བར་སྣང་ཁེངས་མོད། འོན་ཀྱང་ད་ཆ་ཆབ་མདོར་བ་གམ་ཅན་གྱི་ཁང་བཟང་དང་། སྲ་ཞིང་མཁྲེགས་པའི་ཟམ་པ། བཀོད་པ་གཙང་བའི་ཁྲོམ་གཞུང་ཡོད་པ་མ་ཟད། སྣུམ་ནག་ལམ་བྱམས་པ་གླིང་བར་བཏིང་བས་ཐལ་རྡུལ་འཕྱུར་རེར་ལངས་པ་མཐོང་རྒྱུ་མེད་སྟབས་ལམ་དུ་སྐྱོད་མཁན་དད་ལྡན་མང་ཚོགས་ཚོས་ཁ་བཀབ་ནས་འགྲོ་དགོས་ཀྱི་མེད། མདོར་ན། བོད་ཤར་ནོར་བུའི་ས་ཆ་སྟེ་ཆབ་མདོར་འགྱུར་ལྡོག་ཆེན་པོ་བྱུང་བ་དག་2012ལོར་གྲོང་ཁུལ་རྙིང་པ་སྒྱུར་བཀོད་བྱས་པ་ནས་བྱུང་བ་ཞིག་ཡིན།

དུས་ཡུན་རིང་པོའི་ནང་། དཔལ་འབྱོར་དང་། ས་བབ། འགྲིམ་འགྲུལ་སོགས་རྒྱུ་རྐྱེན་སྣ་ཚོགས་དབང་གིས་ཆབ་མདོ་གྲོང་ཁྱེར་འཕེལ་རྒྱས་དེ་ཙམ་མགྱོགས་པོ་བྱུང་མེད། 2011ལོའི་ལོ་མཇུག་བར་གྲོང་ཁུལ་འཛུགས་སྐྲུན་ས་ཁྱོན་སྤྱི་ལེ་ངོས་གྲུ་4.6ལས་མེད་པའི་ཁར་གྲོང་ཁུལ་རྙིང་པ་80%ལ་སྒྱུར་བཀོད་ཐུབ་མེད། “སྒྱུར་བཀོད་མ་བྱས་གོང་གྲོང་ཁུལ་གྱི་ལམ་གུ་དོགས་ཤིང་འདམ་རྫབ་མང་ལ་བཙོག་ཆུ་གང་སར་འཁྱིལ་བ་དང་མི་དང་རླངས་འཁོར་འགྲུལ་བཞུད་མི་བདེ་བའི་ཁར་ཆུ་འགྲོ་ཡང་མེད། གྲོང་མི་ཕལ་ཆེ་བ་ས་ཕག་ཁང་པའི་ནང་སྡོད་པ་དང་ཁང་ཚོགས་སྟུག་ཅིང་བཀོད་པ་ཟང་ཟིང་ཆེ་ལ་ཉེན་ཡོད་ཁང་པ་ཤིན་ཏུ་མང་པོ་ཡོད”ཅེས་ཆབ་མདོ་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་ཧོ་དབྱིང་ཀྲང་གིས་གྲོང་ཁུལ་རྙིང་པས་གྲོང་མིའི་རྒྱུན་གཏན་འཚོ་བར་སྐྱོན་བྱས་ཏེ་ཆབ་མདོ་གྲོང་ཁྱེར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་རྒྱས་ཡོང་བར་ཚོད་འཛིན་ཆེན་པོ་ཐེབས་ཚུལ་སྐོར་བཤད།

ཆབ་མདོ་གྲོང་རྡལ་གྱི་གྲོང་ཁུལ་རྙིང་པའི་མངོན་གསལ་དོད་པའི་དཀའ་རྙོག་རྦད་དེ་སེལ་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་བརྟག་དཔྱད་ཡང་ཡང་དང་། ཚན་རིག་དང་མཐུན་པའི་རིགས་པས་ཁུངས་སྐྱེལ་བྱས་པ་བརྒྱུད་2012ལོའི་ཟླ་4པར་ཆབ་མདོ་གྲོང་རྡལ་གྱི་གྲོང་ཁུལ་རྙིང་པ་སྒྱུར་བཀོད་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ་དང་ཆབས་ཅིག་ཆབ་མདོ་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཅོས་རིམ་སྤོར་ཡང་བྱས་ཡོད། “སྲིད་གཞུང་གིས་གཙོ་ཁྲིད་དང་། ཁྲོམ་རས་འཁོར་སྐྱོད”ཀྱི་བྱེད་སྟངས་ལ་བརྟེན་ནས་ཆབ་མདོ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་མ་དངུལ་དང་། བོད་སྐྱོར་མ་དངུལ། ཡིད་རྟོན་དངུལ་བུན་མ་རྩ་མཉམ་འདྲེས། དམངས་ཁྲོད་ཀྱི་མ་འཇོག་བྱས་པ་སོགས་ཀྱི་ཐབས་ལམ་མཉམ་དུ་སྤེལ་ནས་ཁྱོན་མ་དངུལ་སྒོར་དུང་ཕྱུར་70གྲབས་གསོག་བྱས་ཡོད། “ས་ཆ་ཡག་སར་ང་ཚོས་ཕྱི་ཕྱོགས་མ་དངུལ་ནང་འདྲེན་དང་ཚོང་ཁང་བརྒྱབ་ནས་མ་དངུལ་ཁ་ཐང་བའི་གནད་དོན་ཐག་གཅོད་གང་ཐུབ་བྱས་ཡོད”ཅེས་ཧོ་དབྱིང་ཀྲང་གིས་དེ་ལྟར་བཤད།

གྲོང་ཁུལ་རྙིང་པ་སྒྱུར་བཀོད་བྱེད་པར་གྲོང་མིའི་སྡོད་ཁང་བཤིག་སྤོ་བྱ་རྒྱུ་ནི་སྔར་ནས་དཀའ་རྙོག་ཆེ་ས་ཞིག་ཡིན། ངོ་སྤྲོད་བྱས་པར་གཞིགས་ན། ད་རེས་ཀྱི་ཆབ་མདོའི་གྲོང་ཁུལ་རྙིང་པའི་སྒྱུར་བཀོད་ནང་བཤིག་སྤོའི་གྲོང་མི་ཐེམ་དུད་1300ལྷག་ཙམ་དང་བཤིག་སྤོ་བྱེད་ཁྱོན་སྨི་ངོས་གྲུ་ཁྲི་27ཟིན་ཡོད་པ་རེད། ཧོ་དབྱིང་ཀྲང་གིས་བར་བརྒལ་བཀོད་སྒྲིག་བྱེད་རིང་ཆབ་མདོ་གྲོང་ཁྱེར་གྱིས་གྲོང་མིར་བཀོད་སྒྲིག་འོས་འཚམ་བྱས་ཡོད། “ཁང་གླ་སྤྲད་ནས་སྡོད་མཁན་ལ་སྲིད་གཞུང་ནས་ཁང་གླ་སྤྲད་པ་དང་། ཁང་པ་གླ་མི་ཐུབ་མཁན་ལ་སྲིད་གཞུང་གིས་གནས་སྐབས་སྡོད་ས་བཙལ་བ”ཕུད། ཆབ་མདོ་གྲོང་ཁྱེར་གྱིས་ཉམས་གསོའི་རིགས་ཀྱི་ཁང་པར་འོག་ཏུ་ཚོང་ཁང་དང་སྟེང་ལ་སྡོད་ས་ཡོད་པ་བརྒྱབ་ཡོད། ཁང་པ་བཤིག་སྤོའི་གྲོང་མིར“ཐག་ཉེ་ས་ནས་ཁང་པ་མགྱོགས་པོ་སྤྲོད་པ་དང་བཤིག་རིམ་བཞིན་ཁ་གསབ་སྤྲོད་པའི”བྱ་ཐབས་སྤྱད་པའི་ཁར་གྲོང་མིས་སྔོན་ལ་གོང་ཁེ་བའི་འོག་ཤོད་ཚོང་ཁང་ཉོ་ཆོག་གི་ཡོད། ད་དུང་སྲིད་གཞུང་གིས་ཐེམ་དུད་རེར་གནས་སྤོའི་འགྲོ་གྲོན་དང་མཛེས་བཟོའི་གྲོན་དངུལ་ངེས་ཅན་སྤྲད་པས་བཤིག་སྤོའི་ཐེམ་དུད་ཀྱི“གོང་ཞུ་མེད་པ་དང་གནས་ཚུལ་མེད་པ”བྱུང་ཡོད་ཅེས་བཤད།

ཁ་རུབ་ཆུས་ཁྲེང་ཀོན་གྲོང་རྡལ་ཁྲོམ་ཆེན་ཁྲོམ་གཞུང་གྲོང་ལྷན་གྱི་ཧྲུའུ་ཅི་ཀརྨ་རྡོ་རྗེས་སྒྱུར་བཀོད་མ་བྱས་གོང་ནང་གི་རྒྱ་ཁྱོན་ལ་སྨི་ངོས་གྲུ་187ལས་མེད། སྒྱུར་བཀོད་བྱས་རྗེས་རྒྱ་ཁྱོན་གཅིག་མཚུངས་ཀྱི་ཁང་པ་ཉིས་ཐོག་ཅིག་རག་པ་མ་ཟད། གོང་ཁེ་པོས་ཁང་པ་གཞན་ཞིག་ཉོ་རྒྱུ་བྱུང་། “སྔོན་མ་ཁྲོམ་གཞུང་དུ་འགྲོ་ས་ས་རོག་རྡོ་རོག་ཡིན། ཆར་ཞོད་ཡོང་དུས་འགྲོ་ཁག་པོ་ཡོད། སྡོད་ས་ས་རྡོའི་ཁང་པ་ཡིན་པས་མཚམས་རེ་ཐིགས་པའང་རྒྱག་གི་འདུག”ཅེས་ཀརྨ་རྡོ་རྗེས་བཤད་ཅིང་། ཁོང་གིས་ཁྲོམ་ཆེན་ཁྲོམ་གཞུང་གྲོང་ལྷན་ལ་ཐེམ་དུད་168ཡོད་པའི་ནང་ད་ཆ་ཐེམ་པ་115ཐོག་བརྩེགས་ཁང་པར་སྤོས་ཡོད། “དེ་ནི་ལོ་བརྒྱ་ཕྲག་ནང་ང་ཚོ་ཁམས་པའི་སེམས་སུ་འཁོར་མི་མྱོང་བ་ཞིག་ཡིན”ཞེས་བཤད།

དེ་སྔོན་སྒྱུར་བཀོད་མ་བྱས་གོང་གི་ཆབ་མདོ་གྲོང་ཁུལ་གྱི་རྒྱལ་ཁའི་ཁྲོམ་གཞུང་དེ་མི་དང་རླངས་འཁོར་འགྲུལ་བཞུད་མི་བདེའི་ཁར་ཟིང་ཆེ་སའི་ལམ་ཨ་མ་ཞིག་ཡིན། ད་ཆ་གསར་དུ་བརྒྱབ་པའི་རྒྱལ་ཁའི་ཁྲོམ་གཞུང་འོག་ཏུ་བགྲོད་ལམ་བཟོས་པས“རླངས་འཁོར་ཕུག་ལམ་ནས་སྐྱོད་པ་དང་མི་རྣམས་ཁྲོམ་གཞུང་ནས་སྐྱོད”ཐུབ་པ་མངོན་འགྱུར་བྱུང་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ས་འོག་བགྲོད་ལམ་དེ་ནི་བོད་ཡོངས་ནང་ཐོག་མ་ཡིན་པ་མ་ཟད། ཐེངས་དང་པོ་མང་པོ་བྱུང་ཡོད། ས་འོག་བགྲོད་ལམ་སྟེང་གི་ཁྲོམ་གཞུང་གཡས་གཡོན་ལ་འཁྲུག་ཆ་དོད་པའི་ཚོང་ཁང་དཔེར་ན་གསེར་དངུལ་འཚོང་ས་དང་མིག་ཤེལ་ཚོང་ཁང་སོགས་ཀྱང་སྤོས་ཡོད་ལ་ཁྲོམ་དཀྱིལ་དུ་ཐང་ཆེན་སྒོར་མོ་ཞིག་ཀྱང་མཆིས། ཆབ་མདོ་དངོས་མང་རྟེན་རྫས་བཤམས་མཛོད་ཁང་གིས་གཙོས་པའི་ཚོང་ཁང་མང་པོ་མུ་ཏིག་སྟར་ལ་བརྒྱུད་པ་བཞིན་ཚར་དུ་དངར་བས་རི་སྟེང་དུ་ཆགས་པའི་བྱམས་པ་གླིང་དང་ཕན་ཚུན་གཅིག་ལ་གཅིག་འགྲན་པ་ལྟར་སྣང་།

ད་དུང་ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་འདུ་འགོད་སྤེལ་ནས“ལམ་དྲུག”(ཇ་རྟ་ལྷོ་ལམ་དང་། ཇ་རྟ་ཤར་ལམ། བཅིངས་འགྲོལ་ལམ། གཙང་གསུམ་ལམ། རྒྱལ་ཁ་ལམ། བདེ་སྐྱིད་ལམ་བཅས་ཡིན)དང་། “ཟམ་པ་དྲུག”(ཇ་རྟ་ཟམ་པ། རྒྱལ་ཁ་ཟམ་པ། ཝ་ལུང་ཟམ་པ། རྫ་ཆུ་ཐེན་ཅིང་ཟམ་ཆེན། སེང་གེ་གྲོང་ཚོ་ལྷོ་ཟམ། རི་ཕག་ཐང་ཟམ་ཆེན་བཅས)“ཐང་ཆེན་གསུམ”(ཇ་རྟ་ཐང་ཆེན། བཅིངས་འགྲོལ་ཐང་ཆེན། ཆིན་ཧྲུའེ་ཐང་ཆེན་བཅས)“སྐྱེད་ཚལ་གཅིག”(བཀྲ་ཤིས་ནོར་བུ་ས་སྤྱི་གླིང)བཅས་བརྒྱབ་པ་མ་ཟད། ཆུ་འགྲོ་དང་ས་འོག་མདོང་ལམ་སོགས་ལེ་ལག་ཚང་བ་བསྐྲུན་པས་གྲོང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ཆེས་ཆེར་ལེགས་སུ་ཕྱིན་ནས་གང་ས་ཅི་ཐད་ནས་གྲོང་ཁྱེར་གྱི་ཐེག་ནུས་ཆེ་རུ་སོང་ཡོད།

འདི་ལོའི་ཟླ་6པར་ཀྲུང་གོ་མི་རིགས་ཨར་སྐྲུན་ཞིབ་འཇུག་ཁང་གི་རིགས་གཅིག་མཁས་པའི་ཚོགས་ཆུང་གིས་ས་གནས་ས་ཐོག་ཏུ་རྟོག་ཞིབ་དང་ཞིབ་དཔྱད་བྱས་པ་བརྒྱུད་ཆབ་མདོ་གྲོང་ཁྱེར་དེ“ཀྲུང་གོའི་སྲོལ་རྒྱུན་ཨར་སྐྲུན་རིག་གནས་ཡུལ་སྐོར་དུ་བསྐྱོད་ཡུལ”ཞེས་དང་། ཆབ་མདོ་གྲོང་ཁྱེར་གྱི་ཁམས་པའི་ཇ་རྟ་གྲོང་ཁྲོམ་གཞུང་ལ“ཀྲུང་གོའི་མི་རིགས་ཀྱི་ཕུལ་བྱུང་ཨར་སྐྲུན་ཁྲོམ་གཞུང་གྲགས་ཅན”ཞེས་པར་མིང་བཏགས་ཡོད། དེ་སྔའི་གོག་ཧྲུལ་གྱི་རྣམ་པ་ལས་རིང་དུ་འདས་ཏེ“བཟོ་ལས་དར་བ་དང་། ཉོ་ཚོང་འཁྲུག་པ། བཀོད་པ་ལུགས་མཐུན། སྒྲིག་བཀོད་ཚང་བ། ནུས་པ་མང་བ། ཁོར་ཡུག་སྐྱིད་པའི”བོད་ཤར་གྲོང་ཁྱེར་གྱི་རྣམ་པ་ཞིག་འཇིག་རྟེན་གྱི་སྐྱེ་བོ་ཀུན་གྱི་འདྲེན་བྱེད་ལམ་ལ་མངོན་བཞིན་མཆིས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།