ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།“ཁང་པའི་ནང་འཛིན་ཆས་གསར་པ་མང་པོ་བསྒྲིགས་པ་མཐོང་སྐབས་རང་ཉིད་རྨི་ལམ་ནང་ཡོད་པ་ལྟར་གྱི་སྣང་བ་སྐྱེས་བྱུང”ཞེས་ལོ་67ལ་སླེབས་པའི་མི་ཧྲེང་རྒན་རྒོན་ནོར་བུ་ལྷ་སྐྱིད་ཀྱིས་བཤད། རིན་སྤུངས་རྫོང་ཁང་གཞུང་ཤང་སེ་གྲོང་ཚོར་བཅའ་སྡོད་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཐིང་གི་ལས་དོན་རུ་ཁག་གི་རུ་མི་ཝང་དབྱིང་གིས་རྒན་མོ་ནོར་བུ་ལྷ་སྐྱིད་དང་ཆ་སྒྲིག་གཉེན་འཚོལ་བྱས་རྗེས་རྒན་མོར་ལྟ་རྟོག་བྱེད་པའི་འགན་འཁུར་བ་མ་ཟད། རང་གིས་དངུལ་བཏང་ནས་རྒན་མོར་སྒོར་ཁྲི་རི་བའི་འཛིན་ཆས་དང་འཚོ་བའི་མཁོ་ཆས་ཉོས་པ་རེད། བོད་བཟོའི་འཛིན་ཆས་དང་འཚོ་བའི་མཁོ་ཆས་གསར་པ་དག་མཐོང་སྐབས་ཨ་མ་རྒན་མོ་ནོར་བུ་ལྷ་སྐྱིད་སེམས་འགུལ་ཚད་མེད་ཐེབས་པ་རེད།

མི་སེམས་འགུལ་བའི་གཏམ་རྒྱུད་དང་སེམས་འགུལ་ཐེབས་པའི་རྣམ་པ་མང་པོ་ཞིག་ད་ཆ་རི་མཐོའི་འབྲོག་ར་དང་ཞིང་ནང་མི་ཁྱིམ་ཁྲོད་ཉིན་ལྟར་མཐོང་རྒྱུ་ཡོད། ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་71659ཡིས་དཀའ་ངལ་ཡོད་པའི་མང་ཚོགས་80270དང་ཆ་སྒྲིག་གཉེན་འཚོལ་གྱིས་སྙིང་གཏམ་ཤོད་རེས་དང་བརྩེ་སེམས་ཟབ་མོ་བཅངས་ཏེ་ལྷག་བསམ་ཟོལ་མེད་ཐོག་ནས་ཞིང་འབྲོག་མང་ཚོགས་ལ་རོགས་སྐྱོར་བྱས་ཏེ་མང་ཚོགས་ཀྱི་དཀའ་ངལ་དངོས་བསལ་བ་དང་སྦྲགས་མང་ཚོགས་ཚོས་ཉེ་འགྲམ་དུ་ཏང་རྩ་འཛུགས་ཡོད་པ་དང་ལས་བྱེད་པ་གཉེན་ཉེ་ལྟ་བུ་ཡིན་པ་གང་ལེགས་ཚོར་བ་བྱས་ཡོད།

ཏང་ཡོན་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་པ་དང་འགོ་ཁྲིད་ཀྱིས་མིག་དཔེ་བཟང་པོ་བསྟན་པ།

“རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་ཡོན་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པའི”བྱེད་སྒོ་སྤེལ་བར་ཚད་མཐོའི་མཐོང་ཆེན་བྱས་ནས་བྱེད་སྒོ་དེ་ཉིད་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་རྒྱ་སྐྱེད་གཏིང་ཟབ་སྤེལ་བའི་གཞི་རྟེན་གལ་ཆེན་ཞིག་ཏུ་བརྩི་བ་དང་། དབུལ་སྐྱོར་གསར་སྤེལ་གྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ཐབས་ཇུས་གལ་ཆེན་ཞིག་ཏུ་བརྩི་བ། ལས་བྱེད་པར་གསོ་སྦྱོང་སྦྱོང་བརྡར་དང་སྤྱོད་ཚུལ་ལེགས་སུ་གཏོང་རྒྱུར་བརྩི་བ་བཅས་མཐའ་འཁྱོངས་ཀྱིས་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞིའི་ཐབས་ལམ་གལ་ཆེན་སྲ་བརྟན་དུ་བཏང་ཡོད། ས་གནས་ཁག་དང་སྡེ་ཚན་ཁག་གིས་བྱེད་སྒོ་དེ་ཉིད་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཤང་ཁོའོ་རིམ་པ་ཡན་གྱི་ཏང་ཡོན་ལས་བྱེད་པ་དང་། ཏང་སྲིད་ལས་ཁུངས་དང་སྲིད་འཛིན་དོ་དམ་འགན་ནུས་ལྡན་པའི་བྱ་གཞག་ཚན་པའི་ཏང་ཡོན་ལས་བྱེད་པ་དཀྱུས་མ་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་དང་ཆ་སྒྲིག་གཉེན་འཚོལ་བྱས་ནས་ཐབས་བརྒྱ་ཇུས་སྟོང་ངང་མང་ཚོགས་ཀྱི་དཀའ་ངལ་དངོས་སེལ་རོགས་བྱེད་པ་དང་འཕེལ་རྒྱས་ཀྱི་བསམ་ཕྱོགས་འཚོལ་ཞིབ་བྱས་པས་ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་ཡོད་པ་རེད།

བྱེད་སྒོའི་གཞི་རྟེན་གསར་གཏོད་བྱས་ནས་དམངས་ལ་ཕན་པ་ཐོབ་ཤུགས་ཆེ་རུ་བཏང་བ།

ས་གནས་ཁག་དང་སྡེ་ཚན་ཁག་གིས་གཏན་འབེབས་བྱ་སྤྱོད་ལེགས་སྒྲུབ་བྱེད་པ་དང་དུས་མཚུངས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་བྱེད་ཐབས་གསར་གཏོད་རྒྱུན་ཆད་མེད་པར་བྱེད་པ་དང་བྱེད་སྒོའི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་བཏང་བས“གཏན་འབེབས་བྱ་སྤྱོད་ཇི་མ་ཇི་བཞིན་སྤེལ་བ་དང་རང་འདེམས་བྱ་སྤྱོད་ལ་ཁྱད་ཆོས་ཡོད་པ”བྱུང་ཡོད། ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས“ཅུང་བརྟན་པ་དང་། རྒྱུན་དུ་འབྲེལ་གཏུག ཡུན་རིང་རོགས་སྐྱོར”བཅས་ཀྱི་ཆ་སྒྲིག་གཉེན་འཚོལ་དང་རོགས་སྐྱོར་ལས་ཀའི་ལམ་སྲོལ་བཟོས་ནས“ཆ་སྒྲིག་གཉེན་འཚོལ”གྱི་ལས་བྱེད་ཉེན་རྟོག་པའི་འབྲེལ་གཏུག་གཱ་1264སྤྲད་པའི་ནང་ལས་བྱེད་པ་དང་ཉེན་རྟོག་པའི་གཞི་རྩའི་ཆ་འཕྲིན་དང་འབྲེལ་བ་བྱེད་སྟངས་གསལ་པོ་བཀོད་དེ་ཁོའོ་རིམ་པ་ཡན་གྱི་ལས་བྱེད་པས་རྒྱུན་དུ་རང་འགུལ་ངང་ཆ་སྒྲིག་དུད་ཚང་དང་འབྲེལ་བ་བྱེད་པ་དང་ལོ་ལྟར་ཁང་ཏང་རྩ་འཛུགས་ལ་ཆ་སྒྲིག་རོགས་སྐྱོར་དུད་ཚང་ལ་འབྲེལ་གཏུག་རོགས་རམ་བྱེད་པའི་ཡིག་ཐོག་སྙན་ཞུ་ཞིག་འབུལ་དགོས་པའི་རེ་བ་བཏོན་ཡོད་པ་རེད།

བྱེད་སྒོ་སྤེལ་བའི་བརྒྱུད་རིམ་ནང་རིམ་ཁག་ཏང་ཡོན་ལས་བྱེད་པ་ཚོས་མང་ཚོགས་ཚོས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་དྲིལ་བསྒྲགས་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དྲིལ་བསྒྲགས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དྲིལ་བསྒྲགས། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཞིང་དར་ཞིང་ཕན་དང་ཞིང་ཕྱུག་སྲིད་ཇུས་རབ་དང་རིམ་པ་དྲིལ་བསྒྲགས་བཅས་བྱས་ཏེ་མང་ཚོགས་ཚོས་ཕན་པ་གང་ནས་བྱུང་བ་དང་སུ་ལ་ཕན་པ་ཐོབ་མིན་དངོས་འབྲེལ་ཤེས་སུ་འཇུག་པ་དང་། མང་ཚོགས་ཚོས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བ་བཅས་བྱ་རྒྱུར་སྣེ་ཁྲིད་བྱེད་པ། ཁ་ཕྲལ་ལ་ངོ་རྒོལ་དང་རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་ཞིང་འབྲོག་ཁུལ་གྱི་འཕེལ་རྒྱས་དང་བརྟན་ལྷིང་གི་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཡོད་པ་རེད། ཉིང་ཁྲི་གྲོང་ཁྱེར་གྱིས“སྲིད་ཇུས་དྲིལ་བསྒྲགས་དང་། དྲོ་སྐྱིད་སྦྱིན་པ། ཆ་འཕྲིན་དྲིལ་བསྒྲགས། ལག་རྩལ་སློབ་པ”བཅས་ཀྱི་ལས་འགན་བཞིར་དམིགས་ནས་བོད་ཡིག་དང་། རྒྱ་ཡིག མོན་པའི་སྐད། ལྷོ་པའི་སྐད། ཏེང་པའི་སྐད་བཅས་ཀྱི་ཐོག་ནས་ཏང་གི་ལམ་ཕྱོགས་བྱེད་ཕྱོགས་དང་། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས། ཞིང་དར་ཞིང་ཕན་སྲིད་ཇུས་སོགས་ཆེད་དོན་དྲིལ་བསྒྲགས་ཐེངས་2700ལྷག་ཙམ་བྱས་ཡོད་པ་རེད།

བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། 2015ལོར་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཡོན་ལས་བྱེད་པས་ཆ་སྒྲིག་དུད་ཚང་ལ་ཕྱུག་འགྱུར་ལམ་བུ་20059འཚོལ་རོགས་བྱས་པ་དང་། རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་2.56བཏང་ནས་མང་ཚོགས་ཀྱི་ཆེད་དུ་བྱ་བ་དངོས་དང་བྱ་བཟང་51073བསྒྲུབས་པ། མང་ཚོགས་མི་ཐེངས་230376ལ་འཚམས་འདྲི་བྱས་ནས་འཚམས་འདྲིའི་དངུལ་སྒོར་ཁྲི་3221.15སྤྲད་ཡོད་པ་རེད།

ཞབས་ཞུའི་འདུ་ཤེས་ཟབ་ཏུ་བཏང་ནས་བསམ་བློའི་འཁྱེར་སོ་ལེགས་སུ་བཏང་བ།

“ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པའི”བྱ་ཐབས་བརྒྱུད་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མང་ཚོགས་དང་མཉམ་ཟ་མཉམ་འཐུང་དང་མཉམ་དུ་ངལ་རྩོལ་བྱེད་པའི་བརྒྱུད་རིམ་ནང་ཞིང་འབྲོག་པའི་བབ་ཆགས་དང་། བདེན་པ་བདེན་ཐུབ། ཁ་རི་ཁ་ཐུག སེམས་བཟང་བཅས་གང་ལེགས་ཚོར་ནས་བསམ་བློར་ཤུགས་རྐྱེན་བཟང་པོ་ཐེབས་པ་དང་ངོས་འཛིན་ཟབ་ཏུ་ཕྱིན་ཐོག་ཞབས་ཞུའི་འདུ་ཤེས་སྔར་བས་ཇེ་ཟབ་ཏུ་ཕྱིན་ཡོད། ལས་བྱེད་པ་མང་པོ་ཞིག་གིས་སེམས་འགུལ་ཚད་མེད་ཐེབས་བཞིན་དུ་སླད་ཕྱིན་བརྩེ་སེམས་ཟབ་མོ་བཅངས་ནས་སྔར་བས་མང་ཚོགས་དང་ཉེ་བཅར་དང་། བསམ་བློའི་ཐད་སྔར་བས་མང་ཚོགས་ལ་བརྩི་འཇོག བྱ་སྤྱོད་ཐད་སྔར་བས་མང་ཚོགས་དང་འབྲེལ་འདྲིས་བཅས་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་སེམས་ནང་འཇོག་རྒྱུ་ཡིན་ཞེས་བཤད་པ་རེད།

ཞིང་འབྲོག་མང་ཚོགས་དང་འབྲེལ་འདྲིས་ཟབ་མོ་བྱེད་པའི་བརྒྱུད་རིམ་ནང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་གཞི་རིམ་གྱི་འཐབ་ས་དང་པོར་བསམ་བློའི་གོ་རྟོགས་མཐོ་རུ་གཏོང་བ་དང་། བློ་སྟོབས་དང་གཤིས་རྒྱུད་ལ་སྦྱོང་བརྡར་སྤྲོས་པ། ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ་བཅས་བྱས་པས་མང་ཚོགས་ཚོས་ཡིད་ཆེས་བྱེད་ཆོག་པ་དང་བློས་འགེལ་ཆོག་པའི་གྲོགས་པོ་བློས་ཐུབ་ཏུ་གྱུར་ཡོད། ལས་བྱེད་པ་མང་པོ་ཞིག་གིས་ང་ཚོའི་དབང་ཆ་ནི་མི་དམངས་ཀྱིས་སྤྲད་པ་ཞིག་ཡིན་པས་དཔོན་པོ་བྱས་ནས་དམངས་ཆེད་བྱ་བ་མ་བསྒྲུབས་ཚེ་འགན་ཤོར་ལས་འཛོལ་བྱས་པ་ཞིག་རེད། དེར་བརྟེན་སླད་ཕྱིན་ལས་ཀའི་སྤྱོད་ཚུལ་སྔར་བས་ལེགས་སུ་བཏང་ནས་དཔོན་ཉམས་མཐའ་གཅིག་ཏུ་གཏན་འགོག་གིས་སྒོ་འཛུལ་དཀའ་བ་དང་། མི་འཚོལ་དཀའ་བ། རྣམ་འགྱུར་ངན་པ། བྱ་བ་སྒྲུབ་དཀའ་བ་བཅས་ཀྱི་སྣང་ཚུལ་གཏན་ནས་མི་ཐོན་པ་བྱ་རྒྱུ་ཡིན་ཞེས་ཟོལ་མེད་ངང་བཤད་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།