ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་མི་སེམས་ལ་ཟུག་ནས་ཕན་འབྲས་དངོས་ཐོན་པ་བྱེད་ཆེད། ནག་ཆུ་ས་ཁུལ་སོག་རྫོང་གིས་སློབ་སྦྱོང་གི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཞིང་། འདི་ནི་སོག་རྫོང་ཧྲོག་རྟ་ཤང་གིས་ཆེད་དོན་ཏང་གི་སློབ་ཚན་ཚོགས་ཡུལ་ཡིན་པ།

ལྗོངས་ཡོངས་སུ“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་འགོ་ཚུགས་ཚུན། ནག་ཆུ་ས་ཨུད་ཀྱིས་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱར་ནན་པོ་གཞིགས་ནས། ཆེད་དོན་སློབ་གསོའི་དོན་སྙིང་གལ་ཆེན་དང་ལག་ལེན་བླང་བྱ་སྟངས་འཛིན་ནན་པོ་དང་། “ནན་གསུམ་དྲང་གསུམ”ལ་དམ་པོར་དམིགས་པ། “ནན་གསུམ་དྲང་གསུམ”ལག་བསྟར། ཏང་ལ་བློ་དཀར་སེམས་དཀར་དང་། སྒེར་གྱི་སྤྱོད་ཚུལ་ལེགས་པ། འགན་འཁྲི་འཁུར་ཕོད་པ། བསམ་བློའི་ཐད་ཚད་མཐོའི་མཐོང་ཆེན་དང་། བཀོད་སྒྲིག་ཐད་གཏིང་ཟབ་ཞིབ་ཕྲ། བྱ་སྤྱོད་ཐད་འཕྲལ་ཐག་ཆོད་ལ་ནུས་ལྡན། དོན་འཁྱོལ་ཐད་ཆད་ལུས་མེད་པ་བཅས་ཀྱི་སྒོ་ནས“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་ཏན་ཏིག་ངང་སྤེལ་བར་བརྟེན་ཕན་འབྲས་དངོས་ཐོན་ཡོད།

གྲ་སྒྲིག་ལས་དོན་སྔ་ཙམ་སྤེལ་བ།

ནག་ཆུ་ས་ཁུལ་གྱི་ཆེད་དོན་སློབ་གསོའི་གྲ་སྒྲིག་ལས་དོན2015ལོའི་ཟླ་དང་པོར་དངོས་སུ་སྤེལ་ཚུན། ས་ཨུད་ཀྱི་འགོ་ཁྲིད་གཙོ་བོས་སྐད་ཆ་འདྲི་བ་དང་། བཀོད་སྒྲིག དམ་འཛིན་བཅས་བྱས་ཏེ་ནན་ཏན་ངང་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཉམས་མྱོང་ཕྱོགས་སྡོམ་བྱས་པ་དང་འབྲེལ་ནག་ཆུའི་དོན་དངོས་དང་མཐུན་པའི《ས་ཁུལ་ཡོངས་ཀྱི་རྫོང་རིམ་པ་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པའི་ཁྲོད“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་རྒྱུའི་ལག་བསྟར་ཇུས་གཞི》བཟོ་རྒྱུར་མཛུབ་ཁྲིད་བྱས་ཐོག་དམིགས་ཚད་ལས་འགན་དང་། གཙོ་གནད་ནང་དོན། ལས་ཀའི་བླང་བྱ་བཅས་ཁ་གསལ་དུ་བཏང་བ་དང་། ཏང་གཤིས་སྦྱོང་བརྡར་ཟབ་མོ་བྱུང་མེད་པ་སོགས་ཀྱི“མི་འདང་ས་བདུན”གྱི་མངོན་གསལ་དོད་པའི་གནད་དོན་བདུན་ཐག་གཅོད་བྱེད་དགོས་པ་བཏོན་པ་དང་། སློབ་སྦྱོང་བགྲོ་གླེང་གི་ཆེད་དོན་སློབ་ཁྲིད་ལྔ་བཀོད་སྒྲིག 《ནག་ཆུ་ས་ཁུལ་གྱི“ནན་གསུམ་དྲང་གསུམ”ཆེད་དོན་སློབ་གསོའི་བརྒྱུད་རིམ་རེའུ་མིག》བཟོས་པ་བཅས་བྱས་ཏེ་ཚད་གཞི་དེ་བས་མཐོ་བ་དང་བླང་བྱ་དེ་བས་ནན་པའི་ཐོག་ནས་ཆེད་དོན་སློབ་གསོ་བཀོད་སྒྲིག་བྱས་ཡོད། རྫོང་ཁག་དང་ཚན་པ་ཁག་གི་ཏང་ཨུད་ཀྱི(ཏང་ཙུའུ)ཆེད་དོན་སློབ་གསོའི་ལག་བསྟར་ཇུས་གཞི་དང་སློབ་སྦྱོང་འཆར་གཞིར་ས་ཨུད་རྩ་འཛུགས་པུས་ཞིབ་མཆན་བཀོད་ནས་གྲོས་འཆམ་བྱས་རྗེས། གཞི་ནས་ལག་བསྟར་བྱས་ཏེ་ས་ཁུལ་ཡོངས་ཀྱི“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་འགོ་ཡག་པོ་འཛུགས་རྒྱུ་འགན་ལེན་བྱས་ཡོད།

ཆེད་དོན་ཏང་གི་སློབ་ཚན་ཐད་ཞིབ་ཕྲ་ཡོང་བ་བྱས་པ།

2015ལོའི་ཟླ5ཚེས30ཉིན་ནག་ཆུ་ས་ཨུད་ཀྱིས་ས་ཁུལ་ཡོངས་ཀྱི“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོའི་ཏང་གི་སློབ་ཚན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ནག་ཆུ་ས་ཨུད་ཀྱི་ཧྲུའུ་ཅི་ཀའོ་དབྱང་གིས་སྣེ་ཁྲིད་དེ་ཏང་གི་སློབ་ཚན་འཁྲིད་ནས་ནག་ཆུའི་ཏང་ཡོན་ལས་བྱེད་པའི་ཁྲོད“ནན་པོ་མེད་པ་དང་དྲང་པོ་མེད་པའི”ཞིབ་ཕྲའི་མངོན་ཚུལ་ལ་དབྱེ་ཞིབ་གཏིང་ཟབ་དང་། ཆེད་དོན་སློབ་གསོ་ཡག་པོ་སྤེལ་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་པ་དང་འབྲེལ་བཀོད་སྒྲིག་བྱས་ཏེ་ས་ཁུལ་ཡོངས་ཀྱི་ཆེད་དོན་སློབ་གསོ་སྤེལ་འགོ་ཚུགས་ཡོད། རྫོང་ཨུད་ཁག་དང་ས་ཁུལ་ཐད་གཏོགས་ཚན་པ་ཁག་གི་ཏང་ཨུད(ཏང་ཙུའུ)ཧྲུའུ་ཅིས་ས་ཨུད་ཀྱི་བླང་བྱར་ནན་པོར་གཞིགས་ནས་བརྟག་ཞིབ་གཏིང་ཟབ་དང་། དམངས་ཀྱི་གནས་ཚུལ་ཤེས་རྟོགས། དམངས་ཀྱི་འདུན་པར་བསྟུན་པ་བཅས་བྱས་ནས་རྫོང་དེ་རང་དང་ཚན་པ་དེ་རང་གི“ནན་པོ་མེད་པ་དང་དྲང་པོ་མེད་པའི”གནད་དོན་ཏན་ཏིག་བཙལ་ཡོད། ས་ཨུད་ཀྱི་བླང་བྱ་གཞིར་བཟུང་ཏང་ཨུད(ཏང་ཙུའུ)ཁག་གི་ཧྲུའུ་ཅིའི་ཏང་གི་སློབ་ཚན་གྱི་མ་ཡིག་ས་ཨུད་རྩ་འཛུགས་པུས་ཞིབ་བཤེར་གཏན་འཁེལ་བྱེད་པ་དང་འབྲེལ་ས་ཨུད་རྩ་འཛུགས་པུས་མི་བཏང་ནས་མཛུབ་ཁྲིད་བྱས་པར་བརྟེན་ཏང་གི་སློབ་ཁྲིད་ཀྱི་སྤུས་ཚད་ལེགས་སུ་ཕྱིན་ཡོད། ས་ཁུལ་ཡོངས་ཀྱི་ས་ཁུལ་ཐད་གཏོགས་ཚན་པ54དང་རྫོང11གི“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོ་ཟླ6ཚེས10ཉིན་གོང་དངོས་སུ་སྤེལ་འགོ་ཚུགས་ཤིང་། མིག་སྔའི་བར་རྫོང་ཁག་གི་ཏང་ཨུད(ཏང་ཙུའུ)ཀྱིས་ཏང་གི་སློབ་ཚན་ཐེངས66འཁྲིད་པ་དང་ཚན་པ་ཁག་གི་ཏང་ཨུད(ཏང་ཙུའུ)ཀྱིས་ཏང་གི་སློབ་ཚན་ཐེངས108འཁྲིད་ཡོད།

བགྲོ་གླེང་གི་བརྗོད་དོན་མངོན་གསལ་དོད་པ།

ནག་ཆུ་ས་ཨུད་རྩ་འཛུགས་པུས《རྫོང་དང་ཁྲུའུ་རིམ་པ་ཡན་གྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་ཁྲོད“ནན་གསུམ་དྲང་གསུམ”གྱི་ཆེད་དོན་སློབ་གསོའི་སློབ་སྦྱོང་བགྲོ་གླེང་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་བ་མ་ཟད། ཟླ6པའི་ཚེས3ཉིན་ནས་ཟླ10པའི་ཚེས30ཉིན་བར་སློབ་སྦྱོང་བགྲོ་གླེང་ནང་དོན་བཀོད་སྒྲིག་ཞིབ་ཚགས་བྱས་པ་དང་ས་ཁུལ་ཡོངས་སུ་སློབ་སྦྱོང་བགྲོ་གླེང་ཚོགས་འདུ་ཐེངས19བཀོད་སྒྲིག་བྱས་ཡོད། སློབ་སྦྱོང་བགྲོ་གླེང་གི་གཏམ་བཤད་ནང་དོན་བཀོད་སྒྲིག་བྱེད་སྐབས། ནག་ཆུ་ས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་དང་། ས་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ། གཏམ་བཤད་བྱེད་མཁན་གྱི་ལས་གནས་དང་ཟུང་འབྲེལ་བཅས་བྱས་ཏེ་སློབ་སྦྱོང་བགྲོ་གླེང་གི་རྣམ་པ་འཁྲུག་ཏུ་བཏང་ཡོད། མྱོང་ཚོར་གླེང་བ་དང་རྣམ་འགྱུར་བསྟན་དུ་བཅུག་པར་བརྟེན་སློབ་སྦྱོང་བགྲོ་གླེང་ནང་ཞུགས་མཁན་བློ་མཐུན་ཚོའི་བསམ་བློར་གཡུ་འགུལ་ཐེབས་པ་མ་ཟད། བློ་སྒོ་ཡང་འབྱེད་ཐུབ་པ་བྱུང་སྟེ་སློབ་སྦྱོང་བགྲོ་གླེང་གི་སྤུས་ཚད་མཐོ་རུ་འགྲོ་ཐུབ་པ་བྱུང་ཡོད།

འཕྲལ་ཤེས་འཕྲལ་བཅོས་ཐད་ཏན་ཏིག་ཡོང་བ་བྱས་པ།

ནག་ཆུ་ས་ཁུལ་གྱིས་སློབ་སྦྱོང་དང་། ཞིབ་བཤེར། དག་ཐེར་བཅས“གོམ་སྟབས་གསུམ་མཉམ་དུ་སྤོ་རྒྱུ”མཐའ་འཁྱོངས་བྱས་ཏེ་ཤེས་རྟོགས་ཐུབ་པ་དང་བཏོན་པའི་གནད་དོན་ཐད་སྒུག་པ་དང་ནར་འགྱངས་མ་བྱས་པར་འཕྲལ་ཤེས་འཕྲལ་བཅོས་བྱས་ཡོད། མང་ཚོགས་ཀྱི་བསམ་འཆར་མང་བའི་གནད་དོན་ལ་རྩ་འཛུགས་སྡེ་ཚན་གྱིས《གནད་དོན་དག་ཐེར་གྱི་འགན་འཁྲིའི་རེའུ་མིག》བཟོས་ཏེ་དག་ཐེར་གྱི་འགན་འཁུར་བ་དང་། བྱེད་ཐབས། ཕན་འབྲས། དུས་ཚོད། དུས་བཅད་བཅས་ཁ་གསལ་བཟོས་ནས“ནན་པོ་མེད་པ་དང་དྲང་པོ་མེད་པའི”གནད་དོན་དག་ཐེར་བྱེད་པའི་ལས་འགན་དམིགས་སར་འཁྱོལ་བ་དང་ཕན་འབྲས་ཏན་ཏིག་ཐོན་རྒྱུ་འགན་ལེན་བྱས་ཡོད།

མཚོ་གཉིས་རྫོང་སྤྱི་བདེ་ཅུས་ཀྱིས་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་དམ་འཛིན་བྱས་ཏེ་གཞན་དབང་གི་རྣམ་པའི་ཐོག་ནས་ཉེན་རྟོག་པ་གཏོང་བ་དེ་རང་འགུལ་ངང་ཞབས་འདེགས་ཞུ་བའི་ཕྱོགས་སུ་བསྒྱུར་ནས་ཁྱོན་ཉེན་རྟོག་ལས་བྱེད་པ་མི་ཐེངས350ཤང་གྲོང་ཁག་ཏུ་བཏང་ནས་ཐེམ་བཤེར་དང་ཕྱོགས་མི་ཐོ་འགོད་སོགས་ཀྱི་དམངས་ཕན་ཞབས་ཞུའི་ལས་དོན་སྤེལ་ཡོད། ཟླ7ཚེས30ཉིན་རྫོང་སྤྱི་བདེ་ཅུས་ཀྱི་ཉེན་རྟོག་ལས་བྱེད་པས་སྤྱི་ལེ200ཙམ་གྱི་སར་རླངས་འཁོར་བཏང་ནས་རླངས་འཁོར་ལ་སྐྱོན་ཤོར་བའི་རྐྱེན་གྱིས་མི་མེད་ལུང་སྟོང་དུ་ལུས་པའི་ཡུལ་སྐོར་བ་གསུམ་བསྐྱབས་ནས“འཁྱགས་རོམ་གྱི་སྲུང་དམག མཚོ་གཉིས་ཉེན་རྟོག་པའི”གཟུགས་བརྙན་བཟང་པོ་བཏོད་པ་རེད། ཨ་མདོ་རྫོང་གིས“རྫོང་རིམ་པའི་ལས་བྱེད་པས་གྲོང་ཚོ་འགན་གཙང་བླངས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”ལས་དོན་སྤེལ་ཏེ་རྫོང་རིམ་པའི་ལས་བྱེད་པ32ཀྱིས་གྲོང་ཚོ(གྲོང་ལྷན)གཉིས་ནས་གསུམ་བར་འགན་གཙང་བླངས་པ་དང་། གྲོང་ཚོ(གྲོང་ལྷན)74ལ་ཁ་གཏད་འབྲེལ་བ་བྱ་རྒྱུ་ཁྱོན་ཡོངས་ལ་ཁྱབ་པ། མང་ཚོགས་ལ་བྱ་བ་དངོས་བཅུ་གཅིག་བསྒྲུབས་པ། དཀའ་ངལ46ཐག་གཅོད་བྱས་པ་དང་འབྲེལ་རང་ཉིད་ཀྱི་འབྲེལ་གཏུག་གནས་སུ་སྒེར་གྱི“ནན་པོ་མེད་པ་དང་དྲང་པོ་མེད་པའི”སྐྱོན་ཆ་ཡོངས་བསྒྲགས་བྱས་པ་དང་འབྲེལ་དག་ཐེར་བྱེད་ཐབས་དང་དུས་ཚོད་ཁ་གསལ་བཏོན་ནས་མང་ཚོགས་ཀྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱས་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།