2015ལོའི་ཟླ་4ཚེས་25ཉིན། ནེ་པ་ལར་ས་ཡོམ་དྲག་པོ་རིམ་པ་8.1བརྒྱབ་ནས་བོད་ཀྱི་རྫོང་10ལྷག་ཙམ་དང་འབྲེལ་བ་ཡོད་པས་མི་ཁྲི་30ལྷག་ཙམ་ལ་གནོད་འཚེ་ཕོག་པ་དང་དུད་ཚང་ཁྲི་4ལྷག་ཙམ་གྱི་སྡོད་ཁང་ལ་གནོད་སྐྱོན་ཕོག་ཡོད། 4·25ས་ཡོམ་ཁྲོད་ཁྱིམ་གཞིས་ཤོར་བའི་གཞིས་རྩེའི་གནོད་འཚེ་ཕོག་ཁུལ་མང་ཚོགས་ཀྱིས་དགུན་ཡུན་རིང་པོ་དེ་ཇི་ལྟར་སྐྱེལ་དགོས་སམ། མང་ཚོགས་ཚོ་ལྟོ་གོས་ལ་སེམས་ཁྲལ་ཡོད་དམ། དེའི་སྐོར་ལ་གསར་འགོད་པས་ཉེ་ཆར་གནོད་འཚེ་ཕོག་ཁུལ་དུ་གནས་ཚུལ་ཤེས་རྟོགས་བྱེད་པར་བསྐྱོད་པ་ཡིན།

སྐྱིད་གྲོང་རྫོང་ས་ལེ་ཤང་འགྲོ་གྲོང་ཚོའི་གྲོང་མི་རྒྱ་མཚོའི་ཁྱིམ་དུ་སྟབས་བདེའི་སྡོད་ཁང་ཞིག་བརྒྱབ་པའི་སྒོ་རའི་ནང་ལོ་91ལ་སླེབས་པའི་རྒན་མོ་དབང་མོས་བག་ཕེབས་ངང་ཉི་མ་སྲོ་བཞིན་དུ་མ་ཎི་བགྲང་བཞིན་མཆིས། ཁང་པའི་ནང་བཟའ་ཟླ་ལྷ་མོས་མེ་གཏོང་བཞིན་ཡོད་པ་དང་། ཁང་པའི་ཆ་སྒམ་ཐོག་ཉལ་ཆས་དང་ཉལ་གདན་མཐུག་པོ་དེ་དག་གྲལ་འགྲིག་པོས་བཞག་ཡོད་པ་དང་། “ཉལ་ཆས་དང་ཉལ་གདན་དེ་དག་ནི་སྲིད་གཞུང་གིས་གནང་བ་ཡིན་པ་དང་། ས་ཡོམ་མ་བརྒྱབ་གོང་ང་ཚོའི་ཁྱིམ་ཚང་ལ་དགུན་སྒྲོལ་དངོས་རྫས་མང་པོ་དེ་ལྟ་བུ་དགོས་ཀྱི་མེད”ཅེས་གཞུང་དྲང་བའི་རྒྱ་མཚོས་གསར་འགོད་པར་བཤད་པ་དང་། སྲིད་གཞུང་གིས་ཟླ་9པར་ཁོང་ཚོའི་སྡོད་ཁང་བརྟན་གཏོང་བྱས་པ་མ་ཟད་དྲོད་སྲུང་རིམ་པ་བཟོས་པའི་ལྕགས་ཤོག་གི་ཐོག་བསྟབ་ནས་གངས་སྐྱོན་འགོག་ཐབས་བྱས་ཡོད་ཅེས་བཤད།

“དུད་ཚང་དང་མི་གཅིག་ཀྱང་མི་ལུས་པ་བྱེད་དགོས། ཐབས་ཤེས་ཡོད་རྒུ་བཏོན་ནས་མང་ཚོགས་ཀྱིས་བདེ་འཇགས་ངང་དགུན་སྒྲོལ་དང་དྲོ་སྐྱིད་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱེད་དགོས”ཞེས་སྐྱིད་རོང་གྲོང་རྡལ་དུ་གེགས་རྗེས་བསྐྱར་སྐྲུན་ལ་བརྟག་དཔྱད་ཞིབ་འཇུག་བྱེད་པར་བྲེལ་བཞིན་པའི་སྐྱིད་རོང་རྫོང་གི་རྫོང་དཔོན་ཧུའུ་ཧུང་གིས་གསར་འགོད་པར་བཤད། གནོད་འཚེ་ཕོག་པའི་མང་ཚོགས་ལ་དྲོ་སྐྱིད་ལྡན་པའི་དགུན་ཁ་ཞིག་སྐྱེལ་དུ་འཇུག་ཆེད་སྐྱིད་རོང་རྫོང་གིས་དམིགས་ཚད་འགན་འཁྲི་ཡི་གེ་རབ་དང་རིམ་པར་མིང་རྟགས་བཀོད་པ་དང་ལས་ཀའི་འགན་འཁྲི་ཁ་གསལ་བཟོས་ཤིང་། མང་ཚོགས་དགུན་སྒྲོལ་བཀོད་སྒྲིག་ལས་དོན་གྱི་སྐུལ་འདེད་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་བས་བྱ་ཐབས་ཁག་དོན་ཐོག་ཏུ་འཁྱོལ་ཐུབ་པའི་འགན་ལེན་བྱས་ཡོད་ཅེས་དང་། ཁོང་གིས་དགུན་ཁ་མ་ཤར་གོང་དུ་སྐྱིད་གྲོང་རྫོང་གིས་ས་ཆ་དངོས་སུ་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་འཁོར་རྒྱུག་ཁང་པ་འཛུགས་སྐྲུན་དང་། གཉེན་འཚོལ་གྲོགས་རྟེན་བྱ་རྒྱུར་སྐུལ་མ་གཏོང་བ། གནས་སྐབས་དགུན་སྒྲོལ་བཀོད་སྒྲིག་ཁང་པ་བསྐྲུན་པ་སོགས་བྱ་ཐབས་ཆེ་གྲས་དྲུག་ལ་བརྟེན་ནས་མང་ཚོགས་བདེ་འཇགས་ངང་དགུན་སྒྲོལ་ཐུབ་རྒྱུ་འགན་ལེན་བྱས་ཡོད། གཞན་ཡང་འབྱུང་ཉེན་ཡོད་པའི་གངས་སྐྱོན་ལ་ཁ་གཏད་གཅོག་ཆེད་སྐྱིད་གྲོང་རྫོང་གིས་ད་དུང་ཕྱོགས་མང་པོ་ནས་མ་དངུལ་གྲབས་གསོག་བྱས་ཏེ་སྲིང་བལ་གྱོན་གོས་དང་། རྩམ་པ། མར། གཟན་རྩྭ་སོགས་འཕྲལ་སྡོམ་དངོས་ཟོག་ཉོས་པ་དང་སྦྲགས་དགུན་སྒྲོལ་དངོས་ཟོག་གསོག་འཇོག་དང་། སྤྲོད་པ། བེད་སྤྱོད་དང་དེ་བཞིན་འཕྲལ་སྡོམ་དོ་དམ་སོགས་བྱ་ཐབས་ཆ་ཚང་བཟོས་པ་རེད།

ས་བབ་མཐོ་ཚད་སྨི་3900ལྷག་ཙམ་ཟིན་པའི་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སུ་སྔ་དྲོ་དང་དགོང་དྲོ་གཉིས་ཀྱི་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་10ཙམ་ལ་སླེབས་ནའང་། གཅིག་སྡུད་བཀོད་སྒྲིག་གི་ས་ཡོམ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཁང་གླ་ཆུང་བའི་སྡོད་ཁང་ཞིག་ནང་རྒྱ་ཆེ་ཞིང་གཙང་སྦྲ་དོད་པའི་ཁར་ཁྱིམ་ཆས་སྣ་ཚོགས་འཛོམས་ཡོད། འགྲམ་གྲོང་ཚོའི་གྲོང་མི་བློ་བཟང་གིས་བོད་བཟོའི་འབོལ་གདན་ལ་བསྡད་དེ་བརྙན་འཕྲིན་ལྟ་བཞིན་ཡོད་པ་དང་དྲོ་འཇམ་གྱི་ཉི་འོད་ཁོང་གི་ངོ་གདོང་དུ་འཕྲོས་ཤིང་གྱང་སྟེང་དུ་བཀལ་བའི་དྲོད་ཚད་འཇལ་བྱེད་ཨང་གྲངས་དེ་ཧྲེ་ཧྲི་ཏུའུ་20རུ་སླེབས་ཡོད། ས་ཡོམ་བརྒྱབ་རྗེས་བློ་བཟང་དང་གནོད་འཚེ་ཕོག་པའི་མང་ཚོགས་1000ལྷག་ཙམ་བསམ་གྲུབ་རྩེ་ཆུས་ཀྱི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དུ་གནས་སྐབས་བཀོད་སྒྲིག་བྱས་པ་དང་། ཟླ་10པའི་ཟླ་མཇུག་ཏུ་བློ་བཟང་དང་གྲོང་མི་ཚོས་སྔ་རྗེས་སུ་བཀོད་སྒྲིག་བྱེད་སའི་གུར་ནས་ཁང་གླ་ཁེ་བའི་སྡོད་ཁང་དུ་སྤོས་པ་རེད།

“ཡར་ཕེབས་བཞུགས་དང་། ཁང་པའི་ནང་དྲོ་པོ་འདུག”ཅེས་བློ་བཟང་གིས་ཕྱོགས་གཅིག་ནས་སྤྲོ་སེམས་འཁོལ་བའི་ངང་གསར་འགོད་པར་སྣེ་ལེན་དང་ཕྱོགས་གཞན་ཞིག་ནས་ཇ་བསྲུབས་མ་ཕོར་པ་གང་བཏེགས། “དེ་གར་སྨི་གྲུ་བཞི་50ཙམ་ཡོད་པ་དང་ང་ཚོ་འཁྱག་དོགས་ཀྱིས་སྲིད་གཞུང་གིས་ད་དུང་ང་ཚོ་དུད་ཚང་ཚང་མར་གློག་དྲོད་ཡོ་ཆས་རེ་སྤྲད་པ་དང་། ད་ལྟ་ང་ཚོར་ཟ་རྒྱུ་དང་སྡོད་ས་ཡོད་པ་དང་ཁང་པའི་ནང་དྲོ་པོ་ཡོད་པས་དགུན་ཁར་འཁྱག་མི་སྲིད། གཞན་ཡང་ང་ཚོར་ཉིན་ལྟར་སྒོར་15ཡི་འཚོ་བའི་ཁ་གསབ་ལེན་རྒྱུ་ཡོད”སྒེའུ་ཁུང་ནས་ཕྱི་རོལ་དུ་ལྟ་བཞིན་བློ་བཟང་གིས་བག་ཕེབས་པའི་ངང་གསར་འགོད་པར“ཚ་མོ་ཡང་གཞིས་རྩེ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པར་སློབ་གྲྭ་བསྒྱུར་མ་ཐག་ཡིན་པས་སྡེ་ཁུལ་དུ་དངུལ་ཁང་དང་། ཚོང་ཁང་། སྨན་བཅོས་ཞབས་ཞུ་ཚང་མ་འཛོམས་ཡོད་པས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་བཤད།

“མང་ཚོགས་བདེ་འཇགས་ཡོང་ཆེད་མང་ཚོགས་སྡོད་སའི་ཐོག་བརྩེགས་ཁང་ཚང་མར་ཉེན་རྟོག་ཞབས་ཞུའི་ས་ཚིགས་བཙུགས་ཡོད”ཅེས་འགྲམ་དུ་ཡོད་པའི་འགྲམ་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པ་པ་སངས་ཀྱིས་གསར་འགོད་པར་བཤད། མིག་སྔར་འགྲམ་གྲོང་རྡལ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་བུ་ཕྲུག་སློབ་གྲྭར་འགྲོ་བའི་གནད་དོན་ཚང་མ་ཐག་གཅོད་ཐུབ་པ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཚང་མ་གྲོང་ཁྱེར་ནང་གི་སློབ་གྲྭ་ཁག་ལ་བཀོད་སྒྲིག་བྱས་པ་མ་ཟད། བུ་བཅོལ་ཁང་ཡང་ཉེ་ཆར་དེ་སྔོན་གྱི་གུར་ནས་སྒྲིག་ཆས་ཚང་བའི་སྡེ་ཁུལ་གྱི་བུ་བཅོལ་ཁང་དུ་སྤོས་ཡོད་ཅེས་བཤད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།