ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།“རི་བོ་གཅིག་ལས་དུས་ཚིགས་བཞི་ཀ་མངོན། སྤྱི་ལེ་བཅུ་རུ་ནམ་ཟླ་སོ་སོ་ཡིན”ཞེས་ཕུན་སུམ་ཚོགས་ལ་ཐུན་མོང་མིན་པའི་རང་བྱུང་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་དང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་1000ལྷག་ཡིན་པ། ལོར་ཆར་པ་འབབ་ཚད་ཧའོ་སྨི་2000ཙམ། ལོར་ཆ་སྙོམས་དྲོད་ཚད་16℃ཟིན་པ་སོགས་དུས་ཚིགས་བཞི་པོ་དཔྱིད་ཀ་ལྟ་བུ་དང་། རྩི་ཤིང་སྣ་ཁ་མང་བ། ཆར་ཆུ་འབེལ་བ་བཅས་ཀྱི་ཡུལ་དེ་ནི“བོད་ཀྱི་ཞིས་ཧྲོང་པན་ན”ཞེས་མཚན་སྙན་གྲགས་པའི་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་རེད།

མེ་ཏོག་རྫོང་ནི་ཧི་མ་ལ་ཡའི་ཤར་ལྡེབས་ཀྱི་ཚ་ཁུལ་ཕལ་བའི་བཞའ་ཚན་གནམ་གཤིས་ཁུལ་དུ་གཏོགས་པ་མ་ཟད་ཚ་ཁུལ་ཆར་ནགས་ཁྱབ་པ་དང་། ཚ་ཁུལ་གྱི་རྩི་ཤིང་སྣ་ཚོགས་ཀྱང་དེ་གར་སྐྱེས་ཡོད། མེ་མོན་དང་། ངང་ལག བུར་ཤིང་། ཇ། ཆུ་འབྲས་སོགས་གང་སར་མཐོང་རྒྱུ་ཡོད་པ་རེད།

“མེ་ཏོག་གི་ཚ་ཁུལ་གྱི་ཤིང་ཏོག་ཐོན་ལས་དེ་མིག་སྔར་ངང་ལག་དང་མེ་མོན་ནི་གཙོ་བོ་ཡིན་པ་དང་། བསེ་ཡབ་དང་། བུར་ཤིང་། ཨ་མྲ། པ་ར་མི་ཏ་བཅས་ཕལ་བ་ཡིན། ཡུལ་དེ་གར་ཐོན་པའི་ཤིང་ཏོག་དང་སྐྱེ་དངོས་ལ་ཞིང་སྨན་གང་ཡང་མེད་པ་དང་། ལྷད་མེད་དང་། སྐྱེ་ལྡན། བྲོ་བ་ཞིམ་པ་བཅས་ཡོད”ཅེས་མེ་ཏོག་རྫོང་གི་ཚ་ཁུལ་ཤིང་ཏོག་སྐོར་གླེང་སྐབས་མེ་ཏོག་རྫོང་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་བསོད་ནམས་དབང་གྲགས་ཀྱིས་གཏམ་གྱི་སྒོ་མོ་ཕྱེ་བ་སྟེ། “མེ་ཏོག་གི་ཡིའུ་ཙི་མངར་མོའི་རྟེན་གཞི་2011ལོར་སྐྲུན་འགོ་ཚུགས་ནས་2012ལོར་གྲུབ་པར་མ་དངུལ་སྒོར་ཁྲི་450བཏང་ཞིང་། མེ་ཏོག་གྲོང་རྡལ་མེ་རི་གྲོང་ཚོ་དང་། བདེ་ཞིང་ཤང་བདེ་ཞིང་གྲོང་ཚོ། ཧོ་ར་གྲོང་ཚོར་འདེབས་འཛུགས་རྟེན་གཞི་མུའུ་295བསྐྲུན་པ་དང་། ཡིའུ་ཙི་མངར་མོ་སྣ་ཚོགས་ཀྱི་སྡོང་རྐང་ཁྱོན་ཁྲི་1བཏབ་པ་དང་ད་ལྟ་སྐྱེ་ཚུལ་ལེགས་པ་དང་སྔོན་དཔག་ལྟར་ན་2017ལོར་ཁྲོམ་རར་འདོན་ཐུབ་རྒྱུ་རེད། མེ་ཏོག་གི་བསེ་ཡབ་ནི་2013ལོར་དགུ་ཐང་ཤང་དང་འབྲས་སྤུངས་ཤང་གིས་ཚོད་ལྟའི་ངང་ཁྱོན་སྡོང་རྐང་2000བཏབ་པ་དང་ད་ལྟ་འབྲས་བཟང་སྨིན་ཡོད”ཅེས་བཤད།

“མེ་ཏོག་རྫོང་གི་མེ་མོན་རྟེན་གཞི་2009ལོར་སྐྲུན་འགོ་ཚུགས་པ་དང་2011ལོར་གྲུབ་ཡོད། མ་དངུལ་སྒོར་ཁྲི་310.265བཏང་བའི་མེ་མོན་འདེབས་འཛུགས་རྟེན་གཞི་བཞི་པོ་མེ་ཏོག་གྲོང་རྡལ་དང་། བདེ་ཞིང་ཤང་། འདམ་ཤང་བཅས་སུ་ཡོད་པར་ཁྱོན་མུའུ་300ལྷག་ཟིན། མིག་སྔར་མེ་ཏོག་གི་མེ་མོན་ལོའི་ཐོན་འབོར་ཧ་ལམ་ཏུན་40ལྷག་ཟིན་པ་དང་། ཁྲོམ་རའི་རིན་གོང་རྒྱ་མ་རེར་སྒོར་5ནས་8བར་ཡིན་ལ་ཕྱིར་ཚོང་མདུན་ལམ་རྒྱ་ཆེན་པོ་ལྡན་ཁར་ཞིང་འབྲོག་པར་ལོའི་ཡོང་འབབ་ཁེ་གཙང་སྒོར་ཁྲི་50ལྷག་ཟིན་གྱི་ཡོད”ཅེས་བསོད་ནམས་དབང་གྲགས་ཀྱིས་བཤད།

“མིག་སྔར་མེ་ཏོག་གི་ངང་ལག་འདེབས་འཛུགས་ཐད་གཞི་ཁྱོན་ལྡན་པ་དང་མུའུ་2500ཟིན་ལ། ལོའི་ཐོན་ཚད་ཏུན་700ཙམ་ཟིན་པ་དང་ཁྲོམ་རའི་རིན་གོང་རྒྱ་མ་རེར་ཧ་ལམ་སྒོར་5ཡིན། ཕྱིར་ཚོང་ཐབས་ལམ་ཆེ་རུ་གཏོང་བ་དང་ཞིང་པའི་ཡོང་འབབ་མང་དུ་གཏོང་ཆེད། མེ་ཏོག་རྫོང་གིས་མ་དངུལ་སྒོར་ཁྲི་128བཏང་ནས་ངང་ལག་གསོག་འཇོག་མཛོད་ཁང་བསྐྲུན་པ་དང་། མ་དངུལ་སྒོར་ཁྲི་120.08བཏང་ནས་ངང་ལག་ལས་སྣོན་བཟོ་གྲྭ་བསྐྲུན་པ་མ་ཟད་མ་དངུལ་སྒོར་ཁྲི་30ལྷག་བཏང་ནས་མེ་རི་གྲོང་ཚོ་དང་། དམར་ཐིག་གྲོང་ཚོ། ཡ་རང་གྲོང་ཚོ་སོགས་ངང་ལག་ཕྱིར་ཚོང་ས་ཚིགས་3བསྐྲུན་པས་ལོའི་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་30ལྷག་དང་། དུད་ཁྱིམ་རེའི་ཡོང་འབབ་སྒོར་8000འཕར་བ། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་1600འཕར་བ་བཅས་བྱུང་ཡོད”ཅེས་བསོད་ནམས་དབང་གྲགས་ཀྱིས་མེ་ཏོག་གི་ངང་ལག་ཐོན་ལས་ཀྱི་འཕེལ་རྒྱས་སྐོར་ལྷུག་པོར་བརྗོད་པ་རེད།

“ད་ལོའི་ཟླ་10པར་མེ་ཏོག་རྫོང་གི་ངང་ལག་ལས་སྣོན་བཟོ་གྲྭས་ལས་གཉེར་བྱེད་འགོ་ཚུགས་པ་དང་སྔོན་དཔག་ལྟར་ན་ལོར་ཆ་སྙོམས་ངང་ལག་ལེབ་མོ་དང་ངང་ལག་བག་ལེབ་སོགས་ཐོན་རྫས་རྒྱ་མ་14000ཐོན་སྐྱེད་བྱས་ནས་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་56ཙམ་ཡོང་རྒྱུ་རེད། མེ་ཏོག་རྫོང་གི་ལག་རྩལ་དེ་ཙམ་བྱང་ཆུབ་མེད་པའི་དབང་གིས་ངང་ལག་ལེབ་མོ་སོགས་ཐོན་རྫས་ལ་བྲོ་བའི་ཐད་ད་དུང་ལེགས་སུ་གཏོང་དགོས་པ་དང་། སྔོན་དཔག་ལྟར་ན་2016ལོར་ཚང་མས་མེ་ཏོག་གི་ཁྲོམ་ར་ནས་ངང་ལག་ལེབ་མོ་སོགས་ཐོན་རྫས་ཉོ་ཐུབ”ཅེས་བསོད་ནམས་དབང་གྲགས་ཀྱིས་བཤད།

མེ་ཏོག་རྫོང་གི་འགྲོ་ལམ་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་དང་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་སོང་བ་དང་བསྟུན། བསོད་ནམས་དབང་གྲགས་ཀྱིས་སླད་ཕྱིན་མེ་ཏོག་གི་སྤྱི་ཚོགས་དང་དཔལ་འབྱོར་གྱི་འཕེལ་རྒྱས་གནས་བབ་གཞིར་བཟུང་ཚ་ཁུལ་གྱི་ཤིང་ཏོག་ཐོན་ལས་འཕེལ་རྒྱས་ལ་ཚན་རིག་དང་མཐུན་པའི་ངང་ཁྲིད་སྟོན་བྱ་རྒྱུ་ཡིན་ཞེས་བཤད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།

ལྷོ་ཁ་ས་ཁུལ་་གྱི་ལས་རིགས་སློབ་གསོ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ།

བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྐྱིད་རོང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་ཚོས་གེགས་སེལ་མྱུར་སྐྱོབ་ལས་དོན་སྤེལ་བ།

ཁྲིམས་སྐྱོང་ལྷ་ས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

བོད་ལྗོངས་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སྨྱན་སྦྱོར་ཚོགས་པར་སྒོ་མོ་དབྱེ་བ།

སྐབས་དང་པོའི་བོད་ལྗོངས་ཀྱི་འགྲེམས་ཚོགས་ཚེས་25ཉིན་འགོ་ཚུགས་པ།

དྲ་རྒྱའི་སྨྱན་སྦྱོར་ལྷ་སར་བསྐྱོད་ཅེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་འགོ་ཚུགས་པ།

བོད་ཀྱི་སྲོལ་རྒྱུན་རོལ་མོའི་རིག་གནས།